ཟླ་8ཚེས་25ཉིན། 2019ལོའི་ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་གྱི་ཡོངས་བསྒྲགས་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དུ་འགོ་ཚུགས་ཤིང་། བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀོང་ཏུང་། ཧྲང་ཧའེ་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར(རང་སྐྱོང་ལྗོངས)20ལྷག་ཙམ་ནས་ཡོང་བའི་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་141ཡོད་པ་དེ་དག་ཆེད་ལས་ཚོགས་ཆུང་དང་། སྐྱེས་པའི་རྩེར་སོན་ཚོགས་ཆུང་། བུད་མེད་ཀྱི་རྩེར་སོན་ཚོགས་ཆུང་། མང་ཚོགས་ཚོགས་ཆུང་བཅས་ཚོགས་ཆུང་བཞི་ལ་དབྱེ་ནས་མཐའ་མའི་ཨང་དང་པོ་འགྲན་རྩོད་བྱ་རྒྱུ་རེད། ད་རེས་ཀྱི་འགྲན་བསྡུར་འགྲན་དུམ་4ལ་དབྱེ་ཡོད་པ་དང་འགྲན་བསྡུར་ལམ་ཚད་ལ་སྤྱི་ལེ་258ཡོད་པ་རེད། ཉིན་4ཡི་འགྲན་བསྡུར་རིང་འགྲན་བསྡུར་ལ་ཞུགས་མཁན་ཚོས་ཡར་འབྲོག་གཡུ་མཚོའི་ཕྱི་སྐོར་ལམ་ཐིག་ལ་ནུས་ཤུགས་ཡོད་རྒུས་འགྲན་སློང་བྱ་རྒྱུ་རེད། འདི་ནི་འགྲན་བསྡུར་བྱེད་མཁན་གྱིས་འགྲན་བསྡུར་གྱི་ཉིན་དང་པོར་འགྲན་དུམ་ཐོག་མ་ནས་རྡོག་ཐོན་བྱེད་བཞིན་པ།