དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བྱེ་རྡོའི་ལམ་ནས་ཡུལ་སྐོར་ལམ་ཐིག་རྩེ་གྲའི་བར་གྱི་འགྱུར་ལྡོག་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-08-10

    རྐང་འཁོར་བཞོན་ནས་ཉིན་བདུན་བསྐྱོད་རྗེས། ལོ་23ལ་སླེབས་པའི་ཞུས་ཧའོ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་སྤྱང་ཀི་གྲོང་ཚོར་སླེབས། བུ་དྲུག་མགྲོན་ཁང་དུ་ཞག་སྡོད་བྱས། ཁོང་གིས་མགྲོན་ཁང་གི་གྱང་ལྡེབས་སུ་བྲིས་པའི་དྲན་འཆར་ཡི་གེ་དེ་དག་ཀློག་སྐབས་དེའི་ནང་ནས་སྔ་ཤོས་ནི་2011ལོར་བྲིས་པའི་ཡི་གེ་དེ་ཡིན་པ་མཐོང་།

    ཞུས་ཧའོ་ཡིས“རྒྱལ་ལམ་318ཐོག་རྐང་འཁོར་བཞོན་ནས་བསྐྱོད་རྒྱུ་ནི་མི་མང་པོ་ཞིག་གི་ཕུགས་འདུན་རེད། འོན་ཀྱང་། དེའི་སྔོན་འགྲོ་ནི་བདེ་འཇགས་འགན་ལེན་བྱ་རྒྱུ་སྨོས་མེད་རེད”ཅེས་བརྗོད། ཁོང་གིས་ཁྲེན་ཏུའུ་ནས་ནུབ་ཕྱོགས་སུ་སྤྱི་ལེ་2000ལྷག་ཙམ་བསྐྱོད་དེ་ལམ་རྒྱུད་དུ་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་གྱི་རི་མཐོ་12རྒྱག་པ་དང་། རྒྱལ་མོ་རྔུལ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་སྒྲོལ་ནས་ཉིན་ཉི་ཤུའི་རྗེས་ལྷ་སར་འབྱོར་བ་བྱ་རྩིས་ཡོད་པ་རེད། ཡིན་ནའང་། ཁོང་གི་འགྲིམ་འགྲུལ་ཡོ་ཆས་ནི་རྐང་འཁོར་ཁོ་ན་ལས་མེད་པས། ཁོང་བདེ་བླག་ངང་འབྱོར་ཐུབ་པ་ནི་ཁྲོན་བོད་གཞུང་ལམ་གྱི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པས་རེད།

    དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་བསྐྲུན་པའི་ཁྲོན་བོད་གཞུང་ལམ་གྱི་ལམ་རྒྱུད་དུ། སྔོན་ཆད་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ལམ་དེའི་ཐོག་སྐྱེལ་འདྲེན་གྱི་ལས་ཀ་བྱས་ནས་ལོ་30ལྷག་ཙམ་སོང་བའི་ཁ་ལོ་བ་རྒན་གྲས་ལི་ཤན་ཧུང་གིས། 2000ལོའི་གོང་དུ་རྒྱལ་ལམ་318ལམ་རྒྱུད་ཕལ་ཆེ་བ་ནི་ས་རྡོའི་ལམ་རེད་ཅེས་གསར་འགོད་པར་བཤད།

    ཁྲོན་བོད་གཞུང་ལམ་ཧྲིལ་པོ་ཨར་འདམ་ལམ་དུ་གྱུར་ཡོད་པ་དང་། རི་མཐོ་པོ་མང་པོར་ཕུག་ལམ་བསྐྲུན་པ་དང་འབྲེལ། དྲ་སྦྲེལ་འཕེལ་རྒྱས་ཕྱིན་པས་གནས་དེའི་མཛེས་ལྗོངས་སྐྱེ་བོ་ཀུན་གྱིས་ཤེས་རྟོགས་བྱུང་། ད་ཆ་ཁྲོན་བོད་གཞུང་ལམ་ནི་སྐྱེལ་འདྲེན་གྱི་ལམ་ཆེན་ཙམ་ཞིག་མིན་པར་མཛེས་ལྗོངས་མྱོང་རོལ་བྱེད་སའི“ཡུལ་སྐོར་ལམ་ཐིག་རྩེ་གྲ”ཞིག་ཏུ་གྱུར་ཡོད། ལོ་ལྟར་གནས་དེས་ཡུལ་སྐོར་བ་ཁྲི་ཚོ་བརྒྱ་ལྷག་ཙམ་གྱི་ཡིད་དབང་བཀུག་པའི་ནང་། ཞུས་ཧའོ་དང་འདྲ་བའི་རྐང་འཁོར་ཞོན་མཁན་ཡོད་ལ། སྒེར་འཁོར་གཏོང་མཁན་དང་རྐང་ཐང་མར་སྐྱོད་མཁན་ཡང་ཡོད།

    གནས་དེར་ཡོང་མཁན་རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་གི་སྒེར་འཁོར་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་ཅིང་། ས་བབ་མཐོ་ཚད་སྨི་4429ཡི་མཁར་རྩེ་ལར་ཧུའུ་ནན་ནས་ཡིན་པའི་ཡུལ་སྐོར་བ་ཕེང་ཅིས་རླངས་འཁོར་གྱི་ཁ་བཀག་ནས་མཚོ་མོའི་རྦ་རླབས་དང་འདྲ་བའི་རི་ཚོགས་ལ་རྒྱང་ལྟ་བྱེད་བཞིན། མིག་མདུན་གྱི་མཛེས་ལྗོངས་དྲ་ལམ་དུ་བསྐུར་ཅིང་། “ཀྲུང་གོ་བའི་མཛེས་ལྗོངས་ལམ་ཆེན་དེ་ནི་མིང་དོན་མཚུངས་པ་ཞིག་འདུག རྒྱལ་ལམ་318ལམ་རྒྱུད་དུ་སླེབས་མྱོང་མེད་ཚེ་དེའི་མཛེས་ཉམས་ཤེས་མི་ཐུབ”ཅེས་བྲིས།

    ས་བབ་མཐོ་ཚད་སྨི་4659ཡོད་པའི་ཇེམ་ཙེ་ཀྱོག་རིའི་རི་གཤམ་གྱི་སྤྱང་ཀི་གྲོང་ཚོ་ནི་རྐང་འཁོར་ཞོན་མཁན་དང་རྐང་ཐང་མར་ཡུལ་སྐོར་དུ་སྐྱོད་མཁན་ཚོའི་ངལ་གསོ་བའི“ས་ཚིགས”སུ་གྱུར་ཡོད། དུད་ཚང་34ལས་མེད་པའི་བོད་རིགས་གྲོང་ཚོ་དེ་ནས་དུད་ཚང་20ལྷག་ཙམ་གྱིས་མགྲོན་ཁང་གཉེར་ཡོད།

    ལོ་49ལ་སླེབས་པའི་བུ་དྲུག་མགྲོན་ཁང་གི་སྦྱིན་བདག་རྒྱན་དར་གྱིས། “སྔོན་ཆད་རི་སྟེང་གི་བེ་ཤ་དང་དབྱར་རྩྭ་དགུན་འབུ་བསྔོགས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཡོང་འབབ་མང་པོ་མེད་ལ་བརྟན་པོའང་མེད། 2009ལོར་མགྲོན་ཁང་གཉེར་རྗེས་གནམ་ཆུ་ཁོ་ན་སྒུག་པའི་དཀའ་སྡུག་གི་འཚོ་བ་སྐྱེལ་མཇུག་འགྲིལ་སོང”ཞེས་བརྗོད།

    རིམ་རྩིས་བྱས་ན། སྒོར་ཁྲི་200ལྷག་ཙམ་བཏང་ནས་རྒྱས་བསྐྲུན་བྱས་པའི་བུ་དྲུག་མགྲོན་ཁང་གིས་ད་ཆ་ཐེངས་གཅིག་ལ་འགྲུལ་པ་130ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད། ལོ་རེའི་ཟླ་དྲུག་པ་དང་བདུན་པར་ཡུལ་སྐོར་བ་མང་བའི་དུས་སུ་ཁང་པ་སྟོང་པ་གཅིག་ཀྱང་ལྷག་གི་མེད་པས། འགའ་རེ་ས་གདན་བཏིང་ནས་ཉལ་གྱི་ཡོད། 2018ལོར་རྒྱན་དར་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི་གཅིག་ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཁེ་སྤོགས་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད།

    “ངས་ད་ཆ་བདེ་སྐྱིད་ཡིན་བསམ་གྱི་ཡོད། ཡོང་འབབ་བྱུང་བའི་ཁར་ད་དུང་རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་གི་གྲོགས་པོ་མང་པོ་ངོ་ཤེས་བྱུང”ཞེས་རྒྱན་དར་གྱིས་ཡུལ་སྐོར་བས་གྱང་ལྡེབས་སུ་བྲིས་པའི་ལོ་བཅུའི་རིང་གི་དྲན་འཆར་ཡི་གེར་ལྟ་བཞིན་ངས་དེ་དག་ནམ་ཡང་ཉར་ཚགས་བྱ་རྒྱུ་ཡིན། “ཁང་པ་ཚང་མར་ཁྱོན་དྲན་འཆར་ཡི་གེ་ཁྲི་ཕྲག་ཁ་ཤས་ཡོད་པ་དེ་དག་ནི་ཡུལ་སྐོར་བའི་དྲན་གསོ་ཞིག་རེད་ལ། ཁྲོན་བོད་གཞུང་ལམ་ལ་བྱུང་བའི་འགྱུར་ལྡོག་གི་བདེན་དཔང་ཞིག་ཀྱང་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།