དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པའི་རྣམ་གླིང་རྫོང་སྣོད་བཅུད་དཔེ་སྟོན་ཁུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཆི།   |     སྤེལ་དུས།  2019-08-05

    ◆ ན་ནིང་གི་ལོ་མཇུག་བར་རིམ་རྩིས་བྱས་ན་དཔེ་སྟོན་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་1.5བཏང་བ་དང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་3ལྷག་ཙམ་བྱས་པ། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་192བཏབ་ནས་གསོན་ཚད་92%ཟིན་ཡོད།

    ◆ དཔེ་སྟོན་ཁུལ་དུ་ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་ཀྱི་འདུ་འགོད་ལག་བསྟར་བྱས་ཚུན། དཔེ་སྟོན་ཁུལ་ཉེ་འཁོར་གྱི་བྱེ་རླུང་ལྡང་ཚད་1/3ཉུང་དུ་སོང་བ་དང་། གསོ་རླུང་5%མང་དུ་སོང་བ། མཁའ་རླུང་གི་བཞའ་ཚད་10%མང་དུ་སོང་ཡོད།

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་ནས་ཡར་ཀླུང་གཙང་པོ་བསྒྲལ་རྗེས། ཀྱག་ཀྱོག་བྱེ་རྡོའི་ལམ་ཞིག་བརྒྱུད་གསར་འགོད་པ་གཙང་པོའི་བྱང་ངོགས་སུ་ཡོད་པའི་རྣམ་གླིང་རྫོང་སྣོད་བཅུད་དཔེ་སྟོན་ཁུལ་ལ་འབྱོར་བྱུང་།

    ལོ་རེའི་ཟླ་4པའི་དུས་སུ་ས་མཐོར་རླུང་བུ་ཆེ་བ་མ་ཟད། གཙང་པོའི་ངོགས་ཀྱི་རི་བོའི་མདུན་དུ་ཐལ་རླུང་དྲག་པོ་ལྡང་ནས་མུའུ་ཁྲི་ཡི་སྡོང་ཕྲུག་དག་རླུང་བུའི་ཁྲོད་གཡོ་བཞིན་མཆིས།

    ནགས་ས་དེའི་ནགས་སྲུང་བ་འཕྲིན་ལས་ཀྱིས་གསར་འགོད་པར“སྣོད་བཅུད་གླིང་འདི་མ་བཙུགས་གོང་གནས་ཚུལ་འདི་ལས་ཀྱང་ཚབས་ཆེ་བ་ཡོད”ཅེས་བརྗོད་པ་དང་། ཁོང་གིས་སྔོན་ཆད་དྲག་རླུང་ལྡང་ཐེངས་རེར་ས་སྟེང་གི་གྲམ་རྡོ་འཁྱེར་གྱི་ཡོད་ལ། ཉིན་མོ་རླངས་འཁོར་གཏོང་སྐབས་ཀྱང་གློག་ཆེན་སྤར་ནས་སྐྱོད་དགོས་ཀྱི་ཡོད་ཅེས་བརྗོད།

    རྣམ་གླིང་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར“ང་ཆུང་དུས་སློབ་གྲྭར་སྐྱོད་སྐབས་གཙང་པོའི་ངོགས་གཉིས་གྲམ་ཐང་ཡིན་པ་དང་གཙང་པོར་ཟམ་པ་མེད་པས་གཙང་པོ་སྒྲོལ་སྐབས་ཐལ་རླུང་ལྡང་ཐེངས་རེར་མདུན་གྱི་སྨི་གཅིག་གི་སར་ཡོད་པའི་མི་ཡང་གསལ་པོ་མཐོང་གི་མེད། ཐལ་རླུང་དྲག་པོ་ལྡང་པའི་རྐྱེན་གྱིས་འདི་རྒྱུད་ཀྱི་གྲོང་མིའི་ཁང་པའི་སྒེའུ་ཁུང་རླངས་འཁོར་ཆུང་གྲས་ཀྱི་སྒེའུ་ཁུང་ཙམ་ལས་མེད་པ་མ་ཟད། ཁྱིམ་ནང་གི་ཅོག་ཙེའི་ཐོག་ཉིན་ལྟར་ཐལ་རྡུལ་མང་པོ་འཁོར་གྱི་ཡོད”ཅེས་སྐབས་དེ་དུས་ཀྱི་གནས་ཚུལ་དག་བརྗོད།

    ཚེ་རིང་དོན་གྲུབ་ཀྱིས་ད་ཆ་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། གྲོང་མིའི་ཁང་པའི་སྒེའུ་ཁུང་ཧ་ཅང་ཆེན་པོ་ཡོད་ལ་ཁྱིམ་གྱི་ཅོག་ཙེའི་ཐོག་ཐལ་རྡུལ་ཡང་ཉུང་དུ་སོང་ཡོད། ཉེ་བའི་ལོ་ཤས་རིང་། ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་གནས་པའི་རྣམ་གླིང་རྫོང་གི་སྣོད་བཅུད་དཔེ་སྟོན་ཁུལ་དུ་ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་ཀྱི་འདུ་འགོད་ལག་བསྟར་བྱས་ཚུན་དཔེ་སྟོན་ཁུལ་ཉེ་འཁོར་གྱི་བྱེ་རླུང་ལྡང་ཚད་1/3ཉུང་དུ་སོང་བ་དང་། གསོ་རླུང་5%མང་དུ་སོང་བ། མཁའ་རླུང་གི་བཞའ་ཚད་10%མང་དུ་སོང་ཡོད་ཅེས་ངོ་སྤྲོད་བྱས།

    ཤིན་ཅང་གི་སྦྱར་པ་དང་། ཡོ་འབོག གླ་ཚེར་སོགས་ཚེ་རིང་དོན་གྲུབ་ཀྱིས་དཔེ་སྟོན་ཁུལ་དུ་བཏབ་པའི་ཤིང་རིགས་སྣ་ཚོགས་རེ་རེ་བཞིན་གསར་འགོད་པར་ངོ་སྤྲོད་བྱས་པ་མ་ཟད། ཁོང་གིས“ན་ནིང་གི་ལོ་མཇུག་བར་རིམ་རྩིས་བྱས་ན་དཔེ་སྟོན་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་1.5བཏང་བ་དང་། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་3ལྷག་ཙམ་བྱས་པ། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་192བཏབ་ནས་གསོན་ཚད་92%ཟིན་ཡོད”ཅེས་བརྗོད།

    ཚེ་རིང་དོན་གྲུབ་ཀྱིས་གྲུབ་འབྲས་འདི་དག་ཐོབ་པ་ནི་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད།

    2016ལོར་རྣམ་གླིང་རྫོང་ནགས་ལས་དང་རྩྭ་ཐང་ཅུས་སུ་གནས་བཅར་ཅུས་ཀྲང་གཞོན་པ་བྱེད་པར་ཡོང་པའི་ལིའུ་ཧའེ་ཅ་ནི་ཧྲན་ཏུང་ཝེ་ཧྥང་ནས་ཡིན་ཞིང་། བོད་དུ་སླེབས་ནས་ལོ་གསུམ་ཙམ་སོང་ཞིང་། མཁུར་ཚོས་གཉིས་ཅུང་དམར་པོར་གྱུར་ཡོད་ཀྱང་སྔར་བཞིན་ཡུལ་སྐད་དམ་པོ་ཞིག་རྒྱག་གི་ཡོད། ཐོག་མར་གནས་འདིར་འབྱོར་སྐབས་ཤིང་འཛུགས་ཀྱི་གཞི་ཁྱོན་རགས་ཙམ་གྲུབ་ནས་དོ་དམ་སྲུང་སྐྱོང་གི་དུས་མཚམས་སུ་སླེབས་འདུག སྡོང་ཕྲུག་གི་གསོན་ཚད་འགན་ལེན་བྱ་ཆེད་རྫོང་ནས་བོད་སྐྱོར་མ་དངུལ་སྒོར་ཁྲི་80བརྩོན་ལེན་བྱས་ཏེ་ཆུ་ཡུར་དང་ནགས་གསེབ་ཀྱི་ཨར་འདམ་ལམ་བུ་བསྐྲུན་པ་མ་ཟད། བོད་རིགས་མང་ཚོགས་60ལས་གྲུབ་པའི་ནགས་སྲུང་རུ་ཁག་གཅིག་བཙུགས་ནས་ཁོ་ཚོར་ལག་རྩལ་བསླབས་པ་ཡིན་ཞེས་ཁོང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ནགས་སྲུང་བ་འཕྲིན་ལས་ཀྱི་ལག་རྩལ་ཡང་རང་ཉིད་ཀྱིས་བསླབས་པ་ཡིན་ཞེས་བརྗོད།

    འཕྲིན་ལས་སྣོད་བཅུད་དཔེ་སྟོན་ཁུལ་དུ་ལས་ཀར་མ་སླེབས་གོང་ཁོང་ཕྱིར་གླ་པར་སྐྱོད་ཀྱི་ཡོད། འོན་ཀྱང་གླ་ཆ་དེ་ཙམ་མཐོ་པོ་མེད། དཔེ་སྟོན་ཁུལ་དུ་ལས་ཀར་སླེབས་རྗེས་ལོ་རེར་སྒོར་13000གི་གཏན་འཇགས་གླ་ཆ་ཡོད་པའི་ཁར་ལོ་རེའི་ཟླ་3པ་ནས་6པའི་བར་གྱི་ཤིང་འཛུགས་ཀྱི་ལས་ལ་བྲེལ་བའི་སྐབས་སུ་ཉིན་རེར་གླ་ཆ་འཕར་མ་སྒོར་100ཡོད་ཅེས་བརྗོད།

    འཕྲིན་ལས་ཀྱིས་གསར་འགོད་པར་ལག་རྩལ་འདི་སྦྱངས་པས་རང་ཉིད་དབུལ་སྒྲོལ་བྱུང་ལ། དེ་བས་སྤོབས་པ་སྐྱེ་འོས་པ་ཞིག་ནི་ཕ་ཡུལ་གྱི་ཁོར་ཡུག་ལེགས་སུ་ཕྱིན་ཡོད་ཅེས་བརྗོད་པ་དང་། ཁོང་གི་ཁྱིམ་ནི་ནགས་རའི་ཤར་ངོས་སུ་ཡོད་ཅིང་། ཉེ་བའི་ལོ་གཉིས་རིང་ཐལ་རླུང་ཉུང་དུ་སོང་བ་མ་ཟད། ནགས་སར་པད་ཁ་དང་། ནས། ཞོག་ཁོག་སོགས་འདེབས་ཀྱི་ཡོད་པས་ཡོང་འབབ་ཀྱང་དེ་སྔོན་ལས་མང་དུ་སོང་ཡོད་ཅེས་བརྗོད།

    རྣམ་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཅང་གོ་ཅེས་ས་གནས་འདི་གའི་བོད་རིགས་མང་ཚོགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དང་འཕྲུལ་ཆས་ལས་སྒྲུབ་ལ་ཞུགས་པ་བརྒྱུད་ལོ་འདི་དག་རིང་འབབ་འཕར་སྒོར་ཁྲི་3500ལྷག་ཙམ་བྱུང་ཡོད། སྣོད་བཅུད་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལས་ས་གནས་འདི་གའི་བོད་རིགས་མང་ཚོགས་ལ་ཡོང་འབབ་མང་དུ་སོང་ཡོད་ཅེས་ངོ་སྤྲོད་བྱས།

    ཅང་གོ་ཅེས“ཡོང་འབབ་མང་དུ་སོང་བ་དང་ཆབས་ཅིག དེ་བས་གལ་འགངས་ཆེ་བའི་འགྱུར་ལྡོག་ནི་མང་ཚོགས་ཀྱི་སྣོད་བཅུད་འདུ་ཤེས་ལེགས་སུ་སོང་བ་དེ་རེད། ཤིང་གཅོད་པའི་སྣང་ཚུལ་རྩ་བའི་ཆ་ནས་མཐོང་རྒྱུ་མེད་པ་དང་། ཤིང་གཅོད་པ་ནས་ཤིང་འདེབས་པའི་བར་གྱི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ་དེས་ས་མཐོའི་སྣོད་བཅུད་ཁོར་ཡུག་འགན་ལེན་ལ་དོན་སྙིང་དེ་བས་གཏིང་ཟབ་པ་ལྡན་ཡོད”ཅེས་བརྗོད་པ་དང་། ཁོང་གིས་སྣོད་བཅུད་འཛུགས་སྐྱོང་ལས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་སོང་ཡོད་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་འབོད་སྐུལ་ནུས་པ་ཆེ་རུ་སོང་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཆེན་པོ་ཐེབས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།