དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ང་རང་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་འདོད་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-30

    གལ་ཏེ་དམར་སྨུག་གི་ངོ་གདོང་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་པའི་གོས་དཀར་རིང་པོ་དེ་ལ་མ་བལྟས་ཚེ་ཤ་རིད་ཅིང་གཟུགས་ཆེ་བའི་ཕུར་བུ་ནི་ལག་རྩལ་ཆེ་མོ་བ་གཏན་ནས་འདྲ་པོ་མེད་པར། དེ་ལས་ལྡོག་སྟེ་སྨན་པ་ཞིག་ཡིན་པའི་ཚོར་སྣང་ཡོང་གི་འདུག

    འདི་ལོ་ལོ་56ལ་སླེབས་པའི་ཕུར་བུ་ནི་1984ལོར་ལས་ཀར་སླེབས་པ་ནས་བཟུང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལས་གནས་ཐོག་སྐད་གྲགས་མེད་པར་ལེགས་སྐྱེས་ལོ་30ལྷག་ཙམ་ཕུལ་བས། མིང་དོན་མཚུངས་པའི“འཐབ་འཛིང་པ་རྒན་གྲས”ཤིག་རེད། “བསླབ་པ་རྒན་གྲས”ཡིན་པའི་སྐོར་གླེང་སྐབས་ཕུར་བུས་དེ་ནི་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་ནས་དུས་ཚོད་རིང་པོ་སོང་བ་ཙམ་ལས། ཧ་ལས་རྒྱུ་གང་ཡང་མེད་ཅེས་བརྗོད་ཀྱི་འདུག ཡིན་ནའང་ཁོང་གིས་སྤོབས་པ་ཧ་ཅང་ཆེན་པོ་བྱེད་སའི་བྱ་བ་ཞིག་ཡོད་ཅིང་། “ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡིས་ལོ་ལྟར་ན་གཞོན་བློ་མཐུན་གསོ་སྦྱོང་ལ་གཏོང་བ་དང་། ང་ནི་གསོ་སྦྱོང་གི་དགེ་རྒན་ཡིན་པས། དཔེ་དེབ་ཐོག་གི་ཤེས་བྱ་ཁྲིད་དགོས་ཀྱི་ཡོད་ལ། ལས་ཀའི་ཉམས་མྱོང་ཡང་སྤེལ་རེས་བྱེད་དགོས་ཀྱི་ཡོད་སྟབས། ང་རང་གང་དུ་བསྐྱོད་ཀྱང་མི་ཚོས‘རྒན་ཕུར་བུ་ལགས’ཞེས་འབོད་ཀྱི་འདུག”ཅེས་ཤོད་སྐབས་ཕུར་བུའི་གདོང་ལས་འགོག་མེད་ཀྱི་སྤོབས་སེམས་ཤིག་མངོན་ཞིང་། ཁོང་གིས“ངས་སློབ་ཚན་ཁྲིད་མྱོང་བའི་སློབ་མ་མང་པོ་ཞིག་ང་ཚོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ལས་སྒོའི་རྐང་འཛིན་པར་གྱུར་ཡོད”ཅེས་བརྗོད་བྱུང་།

    ལས་ཀའི་ངོ་བོ་དམིགས་བསལ་ཆེ་བས། ཕུར་བུ་ཕྱི་ལ་ཡུན་རིང་སྡོད་དགོས་པ་དང་། ལོ་གཅིག་ནས་ལོ་ཕྱེད་ཡན་མ་དཔེ་བསྡུ་རུབ་དང་། ལྟ་ཞིབ་ཚད་ལེན་བྱེད་པར་འགོར་གྱི་ཡོད། ལོ་30ལྷག་ཙམ་རིང་ཁོང་གིས་བོད་ཀྱི་རི་ཀླུང་མང་ཆེ་བར་བསྐྱོད་ཡོད།

    ལོ་30ལྷག་ཙམ་གྱི་ལས་ཀའི་ཉམས་མྱོང་ནི་རིན་ཐང་བྲལ་བའི་རྒྱུ་ནོར་ཞིག་རེད། དེ་ལས་ཕུར་བུས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་བྱ་གཞག་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མིག་མཐོང་ལག་ཟིན་བྱུང་ཡོད། “ངའི་ལས་ཀ་ནི་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚད་ལེན་ས་ཚིགས་ནས་བྱེད་འགོ་ཚུགས་པ་དང་། སྐབས་དེ་དུས་སྔོན་ཐོན་གྱི་ལག་ཆ་གང་ཡང་མེད་ཅིང་། ཐ་ན་ཟིན་ཐོ་འགོད་བྱེད་ཀྱི་ཤོག་བུ་དང་སྨྱུ་གུའང་སྐབས་དེ་དུས་ཀྱི་ཀྲན་ཀྲང་གིས་ཉོས་གནང་བ་རེད། 1991ལོར་ང་ཚོས་འཛེར་སྒྲའི་ལྟ་ཞིབ་ཚད་ལེན་བྱེད་སྐབས་ལག་སྒུལ་རྣམ་པའི་ཡོ་ཆས་ཤ་སྟག་ཡིན་པས། མི་གསུམ་གྱིས་མཉམ་ལས་བྱེད་དགོས་ཀྱི་ཡོད”ཡིན་ནའང་ད་ཆ་སྒོར་ཁྲི་བརྒྱ་ཕྲག་ཁ་ཤས་རི་བའི་ཞིབ་དཔྱད་སྒྲིག་ཆས་རླངས་འཁོར་ནང་བླུགས་ཏེ་རང་ལྗོངས་ཀྱི་ས་ཕྱོགས་གང་སར་བསྐྱོད་ཆོག་པ་དང་མི་གཅིག་ཁོ་ནས་ཀྱང་བཀོལ་སྤྱོད་ཐུབ་སྟེ་ལྟ་ཞིབ་ཚད་ལེན་གྱི་ལས་འགན་བསྒྲུབས་ཐུབ། “ངས་རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་གནང་བ་དང་། བོད་ཀྱི་སྣོད་བཅུད་སྲུང་ཡོལ་འཛུགས་སྐྲུན་ལ་མཐོང་ཆེན་གནང་བ། བོད་སྐྱོར་ཤེས་ལྡན་པ་དང་འབྲེལ་ཡོད་སྒྲིག་ཆས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་གནང་བ་སོགས་དངོས་འབྲེལ་ཚོར་ཐུབ་ཀྱི་འདུག”ཅེས་བརྗོད་བྱུང་།

    བོད་སྐྱོར་ཤེས་ལྡན་པའི་སྐོར་གླེང་སྐབས་ཕུར་བུས་པེ་ཅིང་ནས་ཡོང་བའི་ཀྲན་ཀྲང་གཞོན་པ་ཏུའུ་པིང་ལམ་སེང་ཡིད་ལ་འཁོར་གྱི་ཡོད། དེ་ནི་ཁོང་གཉིས“སྐྱིད་སྡུག་མཉམ་མྱོང”བྱེད་མྱོང་བས་རེད།

    “ལས་ཀ་དཀའ་ལས་ག་ཚོད་ཆེ་རུང་། ངའི་སྤུན་ཟླ་ཚོ་འཚོ་བ་སྐྱེལ་སའི་ཁོར་ཡུག་སྲུང་སྐྱོང་བྱེད་ཀྱི་ཡོད་པ་སེམས་ལ་འཁོར་སྐབས་ངར་ཤུགས་ཆེན་པོ་སྐྱེ་ཡི་འདུག”དེས་ན་ལྷ་གཞིས་ལྕཌ་ལམ་དང་མཚོ་བོད་ལྕཌ་ལམ་གྱི་རྒྱལ་ཁབ་ཀྱི་ཚོད་འཛིན་བྱ་ཡུལ་དང་རང་སྐྱོང་ལྗོངས་ཀྱི་ཚོད་འཛིན་བྱ་ཡུལ་དང་། དེ་བཞིན་ལྗོངས་ཡོངས་ཀྱི་བཟོ་གཏེར་ཁེ་ལས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁྲོད་ཁོང་གི་གཟུཌ་བརྙན་གང་སར་མཐོང་རྒྱུ་ཡོད།

    “ངའི་བསམ་པར་ང་ཚོའི་ལས་ཀ་ནི་སྨན་པ་དང་ཧ་ཅང་འདྲ་པོ་འདུག མི་འདྲ་ས་གཅིག་ཡོད་པ་ནི་ང་ཚོས་སྲུང་སྐྱོང་བྱེད་པ་དེ་རང་བྱུང་ཁོར་ཡུག་རེད”ལུས་ལ“བོད་ལྗོངས་ཁོར་ཡུག་ལྟ་ཞིབ་ཚད་ལེན”གྱི་གོས་དཀར་གྱོན་པའི་ཕུར་བུས་སྒྲིག་ཆས་སྤྱོད་པའི་བར་གསེང་སྤྱད་དེ“ངས་རང་ནུས་གང་ཡོད་བཏོན་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་འདི་དག་སྲུང་སྐྱོང་ཡག་པོ་བྱེད་འདོད་འདུག”ཅེས་ཚིག་གསལ་ལ་དོ་ནན་པའི་སྒོ་ནས་དེ་ལྟར་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།