དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ཡུལ་ལྗོངས་ལམ་ཆེན་མཛེས་ཤོས”ལ་བརྟེན་ནས་གླད་དག་གྲོང་ཚོ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་གིས།   |     སྤེལ་དུས།  2019-07-25

    ▶ གྲོང་ཚོར་དུད་ཚང་117དང་མི་གྲངས་716ཡོད། དུད་ཚང་112ཀྱིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད།2018ལོར་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་4000ལྷག་ཙམ་ཟིན་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3700ལྷག་ཙམ་བྱུང་ཡོད། ན་ནིང་མང་ཤོས་སུ་དུད་ཚང་གཅིག་ལ་ཡོང་འབབ་སྒོར་ཁྲི་4བྱུང་ཡོད།

    ▶ 1962ལོར་བཙེམས་པའི་སྐར་ལྔའི་དར་དམར་ཞིག་གྱང་གི་དབུས་སུ་བཀལ་ཡོད། སྐར་ལྔའི་དར་དམར་འདི་སྐབས་དེ་དུས་སྤྱོད་གྲགས་གཉིས་ལྡན་གྱི་རྒན་རྒོན་དགུ་ཡིས་དུས་ཚོད་ཟླ་གཉིས་རིང་བཙེམས་པ་ཞིག་ཡིན་པས་ཧ་ཅང་རྩ་ཆེན་པོ་ཡོད། དེ་ལས་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་ལུགས་དང་ཏང་གི་རྗེས་སུ་འབྲང་བའི་འགྱུར་མེད་དད་སེམས་མཚོན་ཡོད།

    གངས་ལྗོངས་ས་མཐོ་དབྱར་དུས་སུ་སླེབས་པ་དང་བསྟུན་ནས“ཀྲུང་གོའི་ཡུལ་ལྗོངས་ལམ་ཆེན་མཛེས་ཤོས”ཞེས་གྲགས་པའི་ཁྲོན་བོད་གཞུང་ལམ་ཐོག་ཡར་འགྲོ་མར་འགྲོ་བྱེད་མཁན་འཁོར་རིགས་དང་འགྲུལ་པ་རྒྱུན་ཆད་རྒྱུ་མེད་ཅིང་། ལོ་40ལ་སླེབས་པའི་བཀྲ་ཤིས་གཡུ་སྒྲོན་གྱིས་ཡུལ་སྐོར་བ་ཚོར་ཇ་བསྲུབས་མ་བཟོ་བ་དང་ཞོ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ལོ་ལྟར་དབྱར་དུས་སུ་ཁོང་གི་ཁྱིམ་དུ་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་མང་པོ་ཡོད་པ་རེད།

    བཀྲ་ཤིས་གཡུ་སྒྲོན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་ཡུལ་མི་ཡིན་ཞིང་། ཁོང་འཚོ་བ་སྐྱེལ་སའི་གྲོང་ཚོ་དེའི་ས་བབ་མཐོ་ཚད་སྨི་3800ཙམ་ཟིན་པ་དང་། ཁྲོན་བོད་གཞུང་ལམ་དེ་ག་ནས་བརྒྱུད་དགོས་ཀྱི་ཡོད། སྔོ་ཞིང་དྭངས་བའི་ནམ་མཁའི་འོག་རྒྱ་ཆེ་བའི་ཞིང་ནང་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་འདུག ཉེ་ལམ་ལོ་ཤས་རིང་ཁྲོན་བོད་གཞུང་ལམ་མུ་མཐུད་རིམ་སྤོར་སྒྱུར་བཀོད་བྱས་པ་དང་བསྟུན་ནས་སི་ཁྲོན་དང་ཡུན་ནན་བརྒྱུད་བོད་ལ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་རྒྱུན་ཆད་རྒྱུ་མེད་པ་རེད། གླད་དག་གྲོང་ཚོའི་ཏང་ཀྲི་པུས་མང་ཚོགས་ཚོར་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུའི་སྐུལ་སློང་བྱས་ནས་ཡུལ་མི་དེ་བས་མང་བར“ཡུལ་སྐོར་གྱི་ཡོང་འབབ”གསོག་ཐུབ་པ་བྱས་ཡོད་པ་རེད།  “ཤར་ནུབ་ཁ་ཕྱོགས་གཉིས་ནས་ཡོང་མཁན་ཡུལ་སྐོར་བ་གནས་འདི་གར་བརྒྱུད་དགོས་པས་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་འགྲོ་གི་འདུག”ཅེས་བཀྲ་ཤིས་གཡུ་སྒྲོན་གྱིས་བརྗོད།

    གླད་དག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་དབང་འདུས་ཀྱིས“གྲོང་ཚོར་དུད་ཚང་117དང་མི་གྲངས་716ཡོད། དུད་ཚང་112ཀྱིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད། 2018ལོར་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་4000ལྷག་ཙམ་ཟིན་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3700ལྷག་ཙམ་བྱུང་ཡོད། ན་ནིང་མང་ཤོས་སུ་དུད་ཚང་གཅིག་ལ་ཡོང་འབབ་སྒོར་ཁྲི་4བྱུང་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

    2017ལོར། མཐའ་མའི་དུད་ཚང་4དབུལ་སྒྲོལ་བདེ་བླག་ཐུབ་པ་དང་བསྟུན་ནས་གླད་དག་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་སྟེ་ཡུལ་མིའི་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

    གསར་འགོད་པར་གཞུང་ལམ་འགྲམ་གྱི་བོད་བཟོའི་ཁང་པ་གསར་པ་ཞིག་གི་ནང་1962ལོར་བཙེམས་པའི་སྐར་ལྔའི་དར་དམར་ཞིག་གྱང་གི་དབུས་སུ་བཀལ་ཡོད་པ་དང་། ཁང་པ་འདིའི་ནང་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་རིགས་200ལྷག་ཙམ་དང་ཁག་500ལྷག་ཙམ་བཤམས་སྟོན་བྱས་པ་མཐོང་བྱུང་།

    “འདི་ནི་ཆབ་མདོའི་གྲོང་ཚོ་རིམ་པའི་དམངས་སྲོལ་བཤམས་སྟོན་ཁང་ཐོག་མ་དེ་ཡིན་པ་ཟད། ད་དུང་གྲོང་ཁྱེར་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས་ཡོད”ཅེས་བློ་བཟང་དབང་འདུས་ཀྱིས་བརྗོད་པ་དང་། ཁོང་གིས“སྐར་ལྔའི་དར་དམར་འདི་སྐབས་དེ་དུས་སྤྱོད་གྲགས་གཉིས་ལྡན་གྱི་རྒན་རྒོན་དགུ་ཡིས་དུས་ཚོད་ཟླ་གཉིས་རིང་བཙེམས་པ་ཞིག་ཡིན་པས་ཧ་ཅང་རྩ་ཆེན་པོ་ཡོད། དེ་ལས་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་ལུགས་དང་ཏང་གི་རྗེས་སུ་འབྲང་བའི་འགྱུར་མེད་དད་སེམས་མཚོན་ཡོད”ཅེས་བཤད་བྱུང་།

    2017ལོར། ཞ་མོན་བོད་སྐྱོར་ལས་དོན་རུ་ཁག་གིས་གླད་དག་གྲོང་ཚོར་མ་དངུལ་སྒོར་ཁྲི་200བརྩོན་ལེན་བྱས་ནས་བཤམས་སྟོན་ཁང་དེ་བསྐྲུན་ཞིང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་བློ་བཟང་གིས“འདིའི་ནང་བཤམས་སྟོན་བྱས་པའི་ཅ་དངོས་མང་ཆེ་བ་ནི་ཡུལ་མི་ཚོས་རང་མོས་ངང་ཞལ་འདེབས་བརྒྱབ་པ་ཞིག་རེད། གྲོང་ཚོ་རིམ་པའི་དམངས་སྲོལ་ཁང་གི་དོན་སྙིང་ཆེན་པོ་ཡོད། དེ་ལས་ལོ་རྒྱུས་ཀྱིས་ཐེབས་པའི་སློབ་གསོའི་ནུས་པ་མཚོན་ཡོད་ལ། ཡུལ་སྐོར་ཐོན་ཁུངས་ཤིག་ལ་བརྩིས་ནས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་འཕར་སྣོན་ཡོང་གི་ཡོད”ཅེས་བཤད་བྱུང་།

    “འདི་གར་ཉར་ཚགས་ཡག་པོ་བྱས་པའི་ཅ་དངོས་རྙིང་པ་ཡག་པོ་དེ་འདྲ་མཐོང་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང་། དེ་དག་ལས་ང་རང་ལ་རང་བྱུང་ཡུལ་ལྗོངས་ཀྱི་མིག་གི་སྟོན་མོ་ལོངས་སྤྱོད་ཐུབ་པ་དང་ཆབས་ཅིག བོད་ཀྱི་རིག་གནས་ཀྱི་ས་བོན་དེ་བས་མང་བ་ཡོད་པ་ཚོར་བྱུང”ཞེས་ཧང་ཀྲོའུ་ནས་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་ཝུའུ་ཞའོ་ཀྲུའུ་ཡིས་བཤད་བྱུང་།

    ལོ་རྒྱུས་འགྲེམས་སྟོན་ཁང་དང་བར་ཐག་ཉེ་བའི་མཚམས་སུ། རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་མ་དངུལ་སྒོར་ཁྲི་340བཏང་ནས་གྲོང་ཚོའི་ཡུལ་སྐོར་ཞབས་ཞུ་སྣེ་ལེན་ལྟེ་གནས་ཐོག་བརྩེགས་མཁར་ཆེན་བསྐྲུན་ཡོད་ཅིང་། འདི་ལོའི་ཟླ་6པ་ནས་བཟུང་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཐོག་སོ་གསུམ་ཐོག་དེར་ཁྱོན་སྨི་ངོས་གྲུ་650ལྷག་ཙམ་དང་། ཉལ་ཁྲི་26 ཚོང་ཁང་2 ཟ་ཁང་1བཅས་ཡོད་པ་དེ་དག་གྲོང་ཚོའི་མཉམ་སྡེབ་ཀྱིས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་རེད།

    བློ་བཟང་དབང་འདུས་ཀྱིས“འདི་ལོ་ལོ་རྒྱུས་འགྲེམས་སྟོན་ཁང་དང་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་ལྟེ་གནས་ཉེ་འགྲམ་དུ་རླངས་འཁོར་བཀྲུ་ས་ཞིག་བསྐྲུན་རྒྱུ་ཡིན་པས་ཡུལ་མིའི་ཡོང་འབབ་འཕར་བའི་གོ་སྐབས་མང་དུ་འགྲོ་རྒྱུ་རེད”ཅེས་བཤད་བྱུང་།

    གླད་དག་གྲོང་ཚོས་2012ལོར་བཙུགས་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོག་མ་ཡིན་པའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་ད་ཆ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཞིང་། གྲོང་ཚོའི་ཏང་ཀྲི་པུས་ཐབས་ལམ་མང་པོ་བརྒྱུད་ལས་གྲྭའི་རྣམ་གྲངས་བརྩོན་ལེན་བྱས་པས་ཨར་ལས་རུ་ཁག་ལ་ཁྱོན་ཡོང་འབབ་སྒོར་ཁྲི་130ལྷག་ཙམ་བྱུང་ཡོད་པ་རེད།

    “ད་ལྟ་ཨར་ལས་རུ་ཁག་ལ་སྐྱེལ་འདྲེན་འཕྲུལ་ཆས་ཁག་70ལྷག་ཙམ་ཡོད་པ་དེ་དག་གིས་འགན་གཙང་ལེན་པའི་རྣམ་གྲངས་རིགས་རིམ་བཞིན་མང་དུ་ཕྱིན་ཡོད། ང་རང་མི་སྒེར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོད་ལ། དུད་ཚང་རེར་ཁེ་སྤོགས་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད”ཅེས་ལོ་48ལ་སླེབས་པའི་ཨར་ལས་རུ་ཁག་གི་རུ་དཔོན་གཞོན་པ་གྲུབ་རྡོར་ཕུན་ཚོགས་ཀྱིས་བརྗོད་པ་དང་། ཁོང་གིས་གྲོང་ཚོའི་ཏང་ཀྲི་པུའི་བསམ་ཕྱོགས་ཡག་པས་ཕྱུག་འགྱུར་གྱི་ཐབས་ལམ་མང་པོ་ཡོད། ད་ཆ་ཚང་མར་ལས་ཀ་ཡོད་ལ་ཡོང་འབབ་ཀྱང་ཡོད་པས་ཟས་གོས་ཐད་སེམས་ཁྲལ་བྱེད་དགོས་མེད། བསམ་པའི་ཉམས་འགྱུར་དེ་སྔ་ལས་ཧ་ཅང་ཡག་ཏུ་ཕྱིན་ཡོད་ཅེས་བཤད་བྱུང་།

    དབྱར་དུས་ཀྱི་ཉི་འོད་རི་ཁྲོད་ཀྱི་ལུང་ཤུར་དུ་འཕྲོས་པས་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྣམ་པ་ཞིག་མངོན་ཞིང་། གླད་དག་གྲོང་ཚོའི་བུད་མེད་རྣམས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་ལ་བྲེལ་བཞིན་ཡོད་པ་དང་། སྐྱེས་པ་རྣམས་ཨར་ལས་བྱ་ཡུལ་དུ་ཤུགས་ལས་ལ་བྲེལ་བཞིན་ཡོད་པ་མ་ཟད། ད་དུང་ཡུལ་མི་འགའ་ཞིག་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་བཞིན་ཡོད། ད་ཆ་ལས་ལ་བརྩོན་པའི་གླད་དག་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་འབད་བརྩོན་བྱེད་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།