དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ཧི་མ་ལ་ཡའི་རི་འཛེག་ལམ་སྣེ་འཁྲིད་མཁན་གྱི་སྙིང་སྟོབས་ཡོངས་བསྒྲཌ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-23

    ཉེ་དུས་བོད་ལྗོངས་རི་འཛེག་ལས་རིགས་ལ་ལོ་གཅིག་དུས་གཅིག་གི་རི་འཛེག་ལམ་སྣེ་འཁྲིད་མཁན་དུས་ཆེན་འཆར། དེ་ཉིན་གྱི་བོད་ལྗོངས་རི་འཛེག་ལམ་སྣེ་འཁྲིད་མཁན་མཐུན་ཚོཌ་ཀྱིས“དཀའ་སྤྱད་སྙིང་རུས་དང་། ཆེད་ལས་བྱང་ཆུབ་པ། གཞན་ཕན་རོགས་རམ། མཐུན་སྒྲིལ་རོགས་ལས། རང་བྱུང་ལ་བརྩི་འཇོག ཚེ་སྲོག་ལ་གཅེས་སྤྲས། མེས་རྒྱལ་གོང་བཀུར། རི་མཐོར་འཛེགས་པ”བཅས་ཀྱི་ཧི་མ་ལ་ཡའི་རི་འཛེག་ལམ་སྣེ་འཁྲིད་མཁན་གྱི་སྙིང་སྟོབས་ཡོངས་བསྒྲགས་བྱས་ཏེ་ཧི་མ་ལ་ཡའི་རི་འཛེག་རིག་གནས་ལ་ནང་དོན་གསར་པ་བསྣན་ཡོད།

    ཧི་མ་ལ་ཡའི་རི་རྒྱུད་དུ་ཀྲུང་གོའི་བོད་རིགས་ཀྱི་རི་འཛེག་ལམ་སྣེ་འཁྲིད་མཁན་དང་ནེ་པ་ལའི་མངའ་ཁོངས་ཀྱི་ཤར་པ་ཚང་མ་ནི་འཛམ་གླིང་ལ་སྐད་གྲགས་ཡོད་པའི་ལམ་སྣེ་འཁྲིད་མཁན་གྱི་ཚོགས་སྤྱི་ཞིག་རེད། 1960ལོར་ཀྲུང་གོ་བས་ཇོ་མོ་གླང་མར་ཐེངས་དང་པོ་འཛེགས་པ་དང་། 1975ལོར“དཔའ་རྒོད་དགུ”སླར་ཡང་ཇོ་མོ་གླང་མར་འཛེགས་པ། ཇོ་མོ་གླང་མར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་སོགས་རི་འཛེག་གི་བྱེད་སྒོ་གལ་ཆེན་ཁྲོད་དུ་བོད་རིགས་རི་འཛེག་རུ་མི་ཚང་མ་གཙོ་ཤུགས་ཤིག་རེད།

    ཀྲུང་གོའི་མངའ་ཁོངས་ནང་གི་ཚོང་ལས་རི་འཛེགས་བྱེད་སྒོ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་གཞི་ནས་རིམ་པས་སྤེལ་འགོ་ཚུགས་ཡོད། ཀྲུང་གོས་རི་བོ་ཁག་གཅིག་སྒོ་མོ་དབྱེ་ནས་རྒྱལ་སྤྱི་རྒྱལ་ནང་གི་རི་འཛེག་རུ་མིར་སྣེ་ལེན་ཞུས་རྗེས་མངའ་ཁོངས་ནང་གི་ས་བབ་མཐོ་བའི་གངས་རིའི་ལམ་སྣེ་འཁྲིད་པའི་ཞབས་ཞུའི་ཁྲོམ་ར་ཆེས་ཐོག་མར་ཕྱི་རྒྱལ་གྱི་ཚོང་ལས་མྱུལ་དཔྱད་ཀུང་སིས་ཡོངས་སུ་བཟུང་།

    1999ལོར་བོད་ཀྱི་གཟི་བརྗིད་ལྡན་པའི་རི་འཛེག་ལོ་རྒྱུས་རྒྱུན་འཛིན་བྱ་ཆེད་བོད་ལྗོངས་ལྷ་ས་ཧི་མ་ལ་ཡ་རི་འཛེག་ལམ་སྣེ་འཁྲིད་མཁན་སློབ་གྲྭ(སྐབས་དེར་བོད་ལྗོངས་རི་འཛེག་སློབ་གྲྭ་ཟེར། གཤམ་ལ“ལམ་སྣེ་འཁྲིད་མཁན་སློབ་གྲྭ”ཞེས་བསྡུ་རྒྱུ)བཙུགས་པ་དང་དེ་གར་བསྡུས་པའི་སློབ་མ་ཕལ་ཆེ་བ་བོད་ཀྱི་རི་མཐོ་གནས་སའི་རྫོང་འགའ་ཞིག་གི་ཞིང་འབྲོག་པའི་ཁྱིམ་ཚང་གི་བུ་ཕྲུག་ཡིན་པ་རེད། 2001ལོར་བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སི(གཤམ་དུ“གནས་རི་ཀུང་སི”ཞེས་བསྡུ་རྒྱུ)ཐོ་བཀོད་ནས་བཙུགས་ཏེ་སློབ་གྲྭ་དང་ཁེ་ལས་དབར་མཉམ་ལས་བྱེད་པའི་རྣམ་པ་སྤྱད་ནས་སློབ་ཐོན་སློབ་མ་ཀུང་སིར་ཞུགས་ནས་ཚོང་ལས་རི་འཛེག་བྱེད་སྒོའི་ཁྲོད་ལམ་སྣེ་འཁྲིད་པའི་འགན་འཁུར་གྱི་ཡོད།

    2008ལོའི་རྗེས་སུ་ཀྲུང་གོའི་དམངས་ཁྲོད་རི་འཛེག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ། ལམ་སྣེ་འཁྲིད་མཁན་སློབ་གྲྭ་དང་གནས་རི་ཀུང་སིས་ཇོ་མོ་གླང་མའི་ཀྲུང་གོའི་བྱང་ངོས་དང་། ཇོ་བོ་དབུ་ཡག ཤི་ཤ་སྦང་མ་སོགས་ཀྱི་ཀྲུང་གོའི་མྱུལ་དཔྱད་ཀུང་སིའི་གཉེར་སྐྱོང་དང་ཀྲུང་གོའི་བོད་རིགས་ལམ་སྣེ་འཁྲིད་མཁན་གྱིས་གཙོ་ཁྲིད་བྱེད་པའི་ས་བབ་མཐོ་བའི་རི་འཛེག་མྱུལ་དཔྱད་ཀྱི་རྣམ་པ་བཏོད་ཡོད།

    2017ལོའི་ཟླ་10པར་བོད་ལྗོངས་རི་འཛེག་ལམ་སྣེ་ཁྲིད་མཁན་མཐུན་ཚོགས་བཙུགས་པ་དང་མིག་སྔར་ཐོ་བཀོད་ཚོགས་པའི་ཁོངས་མིའི་ཚན་པ་གཅིག་དང་ཐོ་བཀོད་རི་འཛེག་ལམ་སྣེ་འཁྲིད་མཁན་100ཙམ་ཡོད་པ་དེས་ཧི་མ་ལ་ཡའི་ལམ་སྣེ་འཁྲིད་མཁན་ལས་དོན་སྔར་བས་ཚད་ལྡན་དུ་གྱུར། མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཡོངས་བསྒྲགས་བྱས་པའི་རི་འཛེག་ལམ་སྣེ་འཁྲིད་མཁན་གྱི་སྙིང་སྟོབས་ནི་ཀྲུང་གོའི་རི་འཛེག་སྙིང་སྟོབས་རྒྱུན་འཛིན་བྱེད་པ་ཞིག་ཡིན་ལ། རི་འཛེག་ལམ་སྣེ་འཁྲིད་མཁན་གྱིས་ལས་རིགས་ཀྱི་མི་ཆོས་སྔར་བས་ཁ་གསལ་བཟོས་ནས་ལམ་སྣེ་འཁྲིད་མཁན་ལས་རིགས་ཀྱི་མོས་སེམས་དང་སྤོབས་སེམས་ཆེ་རུ་བཏང་སྟེ་ཧི་མ་ལ་ཡའི་རི་འཛེག་རིག་གནས་ཁྱབ་གདལ་གཏོང་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།