དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་ལུང་སྔོ་ལྗང་མཛེས་པས་རབ་ཏུ་བརྒྱན། གྲོང་ཁྱེར་འཚོ་བ་དེ་བས་བདེ་ཞིང་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-07-11

    ལྷ་ས་གྲོང་ཁྱེར་གྱིས་སྣོད་བཅུད་འཛུགས་སྐྱོང་ལས་དོན་སྐོར་སྤེལ་ཚུལ།

    2011ལོར།

    བོད་ཀྱི་དེང་རབས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་པོ་བསྐྲུན་པ། 

    2013ལོར།

    གསར་གཏོད་རང་བཞིན་གྱི་སྒོ་ནས་ས་གཙང་བདེ་ཐང་ཐོན་ལས་གསར་སྤེལ་བྱས་པ།

    2014ལོར།

    བོད་ཀྱི་ཉེན་ཆེའི་ཟོག་རོ་གཙང་སེལ་ལྟེ་གནས་དང་པོ་བཙུགས་པ།

    2013ལོ་ནས་2015ལོ་བར།

    རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་བལྟོས་བཅས་ལེགས་པའི་གྲོང་ཁྱེར་གྱི་ཨང་རིམ་ཁྲོད་ཨང་དང་པོ་ནས་ལྔ་པའི་བར་རྒྱུན་འཁྱོངས་བྱུང་བ།

    2016ལོར།

    མཁའ་རླུང་སྤུས་ཚད་ཅུང་ལེགས་པའི་ཉིན་གྲངས་313ཟིན་པ་དང་མཁའ་རླུང་ཅུང་ལེགས་ཚད་85.5%ཟིན་ཏེ་མཁའ་རླུང་སྤུས་ཚད་ཀྱི་ཕྱོགས་བསྡུས་ཨང་རིམ་རྒྱལ་ཡོངས་ཀྱི་མདུན་གྱི་ཨང་བཅུ་པའི་གྲས་སུ་སླེབས་པ།

    ལྷ་ས་གྲོང་ཁྱེར་གྱིས་སྔ་བར་ཕྱི་གསུམ་དུ“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ནང་ནུས་ཤུགས་ཡོད་རྒུས་ཞུགས་ནས་ལྷ་སའི་ནམ་མཁའ་དེ་བས་སྔོ་བ་དང་། ས་གཞི་དེ་བས་མཛེས་པ། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ། མང་ཚོགས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་ཐབས་བྱས་ཡོད།

    ལྷ་ས་དེ་བས་སྔོ་ལྗང་ཅན་དུ་འགྱུར་བ་དེ་ནི་ལྷ་སར་འཚོ་སྡོད་བྱེད་མཁན་སྐྱེ་བོ་ཀུན་གྱི་ཐུན་མོང་གི་མྱོང་ཚོར་ཞིག་རེད་ལ། སྔོ་ལྗང་ནི་མི་རྣམས་ཀྱིས་སྣོད་བཅུད་སྡོད་མལ་དང་འཚམ་པའི་གྲོང་ཁྱེར་ལ་བཅངས་པའི་འཚོ་བའི་སྤུས་ཚད་ཀྱི་རེ་འདོད་ཅིག་ཀྱང་རེད།

    ལྷ་ས་གྲོང་ཁྱེར་གྱིས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རྣམ་གྲངས་གལ་ཆེན་གཞི་རྟེན་དུ་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་འབད་བརྩོན་ཆེན་པོས་བཏོད་པས་གྲོང་ཁྱེར་དེའི་རྣམ་པ་དང་། ཁོར་ཡུག སྤུས་ཚད་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་དམག་བཀའ་འཁུར་ལེན་གྱི་དམ་བཅའ་བཞག་སྟེ་ལྷ་ས་གྲོང་ཁྱེར་གྱི་ཉེ་འཁོར་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་འདུ་འགོད་ལག་བསྟར་བྱེད་པ། ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པ་བཅས་བྱས་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བར་སྣོད་བཅུད་སྔོན་ལ་འཇོག་པའི་ཐད་བོད་ལ་ཁྱད་འཕགས་ཀྱི་ལེགས་ཆ་ལྡན་ཡོད། གངས་ལྗོངས་ས་མཐོར་གནམ་སྔོ་ཞིང་སྤྲིན་དཀར་བ་དང་། ཆུ་བོ་དྭངས་ཤིང་གཙང་བ། ཕྱོགས་བཞི་སྔོ་ལྗང་རི་བོས་བསྐོར་བས་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། གལ་ཏེ་གྲོང་ཚོར་གཙང་ལ་གྲལ་སྒྲིག་པ་དང་ཁྱད་དུ་འཕགས་པའི་ཁོར་ཡུག་གི་རྣམ་པ་ཞིག་ལྡན་ཚེ་སྣོད་བཅུད་ཐོན་ཁུངས་དེ་ཡུལ་སྐོར་ཐོན་ཁུངས་སུ་འགྱུར་ནས་གྲོང་ཚོའི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད།

    སྟོད་ལུང་བདེ་ཆེན་ཆུས་སྡིངས་ཁ་གྲོང་ཚོར་སླེབས་སྐབས་སྔོན་ཆད་ཀྱི“བཙོག་ཟིང་ཞན”གསུམ་གྱི་རྣམ་པ་མཐོང་རྒྱུ་མེད་པར་གྲོང་ཚོའི་ཕྱོགས་གང་སར་རྣམ་པ་གསར་རྐྱང་གིས་ཁེངས་ཡོད། གསེར་མདངས་འཕྲོ་བའི་པད་ཁའི་མེ་ཏོག་དང་། སྔོ་ཐིང་ཐིང་གི་ནམ་མཁའ། ཁོད་སྙོམས་པའི་གྲོང་ཚོའི་ལམ། འགྱིང་ངེར་གནས་པའི་སྦྱར་སྡོང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཁང་པ་བཅས་ལས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་མཛེས་རིས་ཤིག་ཆགས་ཡོད།

    ཁོར་ཡུག་གི་ཞན་ཆ་གསབ་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་སྟེ་མཛེས་སྡུག་ལྡན་ལ་སྡོད་མལ་དང་འཚམ་པའི་གྲོང་གསེབ་བསྐྲུན་རྒྱུ་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དང་འབྲེལ་བ་ཡོད།

    ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྣེའུ་ཤང་གི་ཁོངས་གཏོགས་སྟག་གདོང་གྲོང་ཚོར་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཅེས་བརྗོད་ཀྱི་ཡོད། རིག་གནས་ཐོན་ཁུངས་དང་སྣོད་བཅུད་ཐོན་ཁུངས་ཡག་པོར་བརྟེན་ནས་གྲོང་མི་ཚོར་སྣོད་བཅུད་དང་ཡུལ་སྐོར་གྱི་ཡོངས་འབབ་བྱུང་བ་དང་ལོ་རེར་གནས་འདིར་ལྟ་སྐོར་དང་སྤྲོ་གསེང་ལ་ཡོང་མཁན་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ལྷ་སས་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་གཞི་ཚུགས་ཏེ“སྤྲོ་གསེང་ཡུལ་སྐོར་མཛེས་ལྗོངས་རྒྱུད་དང་། ཁམ་བུ་ཐོན་སྐྱེད་དཔེ་སྟོན་ཁུལ། སྒྲིག་བཀོད་ཞིང་ལས་ཐོན་ལས་ཁུལ། ཕྱོགས་བསྡུས་ཟོག་འགྲེམས་ལྟེ་གནས། དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོནལྟེ་གནས། ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས”བཅས་ནང་དོན་དུ་བྱས་པའི“རྒྱུད་གཅིག་དང་ཁུལ་གཉིས་ལྟེ་གནས་གསུམ”འཛུགས་སྐྲུན་བྱས་ནས་སྣོད་བཅུད་ལྗང་མདོག་ཐོན་ལས་དེ་བས་དར་རྒྱས་དང་མི་སེར་ཚོའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་བྱས་ཡོད།

    དེས་ན། སྔོ་ཞིང་དྭངས་བའི་རི་ཆུ་ནི་ལྷ་སའི་མི་སེར་ཚོའི་ཕྱུག་འགྱུར་གྱི“གསེར་གྱི་མིང་བྱང”ཞིག་ལ་གྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།