དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་80སྤྱོད་འགོ་ཚུགས་ཏེ་གངས་ལྗོངས་ས་མཐོའི་གནམ་སྔོན་པོ་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2019-07-09

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་ཞོགས་པ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་80བོད་ལྗོངས་ལྷ་ས་རུ་དངོས་སུ་སྤྱོད་འགོ་ཚུགས་པ་དེས་རླངས་འཁོར་གྱི་མཇུག་རླངས་འབུད་ཚད་ཉུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ལྷ་སའི་མཁའ་རླུང་གི་སྤུས་ཚད་སྔར་བས་ལེགས་སུ་འགྲོ་ཐུབ་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རྒོད་སྐྱེས་ཀྱིས་ད་ཐེངས་སྤྱོད་འགོ་ཚུགས་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གསར་པ་ཚང་མ་སྨི་12ཟིན་པའི་གློག་གསོག་རྣམ་པའི་མཉམ་བསྲེས་སྒུལ་ཤུགས་ཀྱི་སྤྱི་སྤྱོད་རླངས་འཁོར་ཡིན་པ་དང་། དེར་རིག་ནུས་ཅན་གྱི་བོད་རྒྱ་སྐད་གཉིས་ཀྱི་བབས་ཚུགས་བརྡ་གཏོང་དང་། རིག་ནུས་བཀོད་གཏོང་། འཁོར་གཏོང་ལྟ་ཞིབ་ཚོད་འཛིན། ཁ་ལོ་བའི་སྒྲིག་འགལ་གྱི་ལྡིར་སོ་འཕྲུལ་ཆས། རང་འགུལ་ཉེན་བརྡ་གཏོང་བ་སོགས་ཀྱི་ཚན་རིག་གི་ལག་རྩལ་མཐོ་པོ་ལྡན་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསར་བརྗེས་འཆར་གཞི་ནི་སྤྱི་སྤྱོད་རླངས་འཁོར་རྙིང་པ་104བེད་སྤྱོད་ལོ་ཚད་ཟིན་རྗེས་གཅིག་གྱུར་ཐོག་ཉོས་པ་ཞིག་ཡིན་པས། ཁྱོན་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་110ཉོས་ཡོད་པ་དང་རླངས་འཁོར་གསར་པ་ལྷག་མ་30དེ་དག་ཟླ་འདིའི་ཟླ་མཇུག་ཏུ་སྤྱོད་འགོ་ཚུགས་རྒྱུ་རེད། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་422ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་བསྡོམས་འབོར་གྱི་80%ཡན་བཟུང་རྒྱུ་རེད།

    “ང་ཚོས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་ཤུགས་ཆེན་གཏོང་བའི་དམིགས་ཡུལ་ནི་ཐཱན་ཉུང་ལྗང་མདོག་གི་འགྲོ་འོང་བྱས་ནས་དྲོད་ཁང་རླུང་གཟུགས་འབུད་ཚད་ཉུང་དུ་བཏང་སྟེ་གངས་ལྗོངས་ས་མཐོའི་ཆུ་དྭངས་གནམ་སྔོ་སྲུང་སྐྱོང་བྱ་ཆེད་ཡིན། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་རིམ་པ་བཞིན་བདེ་སྤྱོད་ལོ་ཚད་ཐིམ་པའི་སྤྱི་སྤྱོད་རླངས་འཁོར་རྙིང་པ་བརྗེ་པོ་བརྒྱབ་སྟེ་2021ལོར་སླེབས་སྐབས་སྤྱི་སྤྱོད་རླངས་འཁོར་ཚང་མ་ནུས་རྒྱུ་གསར་པར་འགྱུར་ཐུབ་རེ་ཡོད”ཅེས་རྒོད་སྐྱེས་ཀྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་ད་ཆ་སྤྱི་སྤྱོད་རླངས་འཁོར་522ཡོད་པ་དང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་41ཡོད་པ་དེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་། གྲོང་འདབས། མཐའ་འཁོར(ཆུས)རྫོང་བཅས་སུ་ཁྱབ་ཡོད་པས་མང་ཚོགས་འགྲོ་འོང་ཐད་དེ་བས་སྟབས་བདེ་བྱུང་ཡོད་པ་རེད།

    639859_yis_1562558819954_s.jpg

    འདི་ནི་ཟླ་7ཚེས་6ཉིན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་ཚོ་ནས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ནང་འགྲུལ་པ་འཛུལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།