དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་དབུལ་ཞྭ་ཕུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སུན་ཁའེ་ཡོན་གྱིས།   |     སྤེལ་དུས།  2019-07-08

    ལོ་ཉི་ཤུའི་གོང་། སྨྱུག་འཛིན་པ་སློབ་ཆེན་ཐོན་རྗེས་གྲོ་མོ་རྫོང་དུ་ལོ་བཞི་ལས་ཀ་བྱས་པ་ཡིན།

    ཆར་པ་སིམ་སིམ་འབབ་སྐབས། བ་ཕྱུགས་ཁྲོམ་གཞུང་དུ་བག་ཡངས་ངང་རྒྱུ། ཉི་འོད་དང་མཁའ་རླུང་ཁྲོད་ཤིང་གི་དྲི་བསུང་འཐུལ། ཞོགས་པ་སྔ་པོ་ལངས་ནས་ཚལ་ཁྲོམ་དུ་བསྐྱོད་ན་གྲོ་མོའི་མོག་རོ་རྒྱ་མ་རེར་སྒོར་གཉིས་རེ་བྱས་ནས་ཉོ་ཐུབ། གྲོ་མོའི་ཉ་ཡང་སི་ཁྲོན་ནས་ཡིན་པའི་བཟའ་ཚོ་གཉིས་ཀྱིས་གཞི་ཁྱོན་ཆུང་ངུས་གསོ་ཚགས་བྱེད་ཀྱི་ཡོད། ཕག་རིའི་འབྲི་གཡག་ཐོན་ལས་ཀྱང་གཉེར་འགོ་ཚུགས་ཙམ་རེད།

    སྐབས་དེར། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད། རི་བཀག་ནགས་གསོ་བྱས་རྗེས་དཔལ་འབྱོར་གྱི་འདེགས་སྐྱོར་གལ་ཆེན་ཞིག་མེད་པར་གྱུར་པས། འཕེལ་རྒྱས་འགྲོ་དཀའ་བའི་གནས་ལས་ཐར་བར་བྱེད་ཆེད། 

    གྲོ་མོ་རྫོང་གིས་ནགས་ཁྲོད་ཐོན་ཁུངས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་དེ་སླད་ཕྱིན་གྱི་འཕེལ་རྒྱས་གཏོང་ལམ་ཞིག་ཏུ་བརྩིས་པ་རེད།

    2011ལོའི་ཟླ་9ཚེས་18ཉིན། རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་ལ་ས་ཡོམ་རྒྱག་སྐབས་གྲོ་མོར་ཡང་གྱོང་གུན་ཆེན་པོ་ཐེབས་པས། གསར་འགོད་པ་འཕྲལ་དུ་གྲོ་མོའི་གེགས་ཁུལ་དུ་བཅར་འདྲི་བྱེད་པར་བསྐྱོད།

    2015ལོའི“4·25”ས་ཡོམ་གྱིས་གྲོ་མོར་ཤུགས་རྐྱེན་ཐེབས་ཡོད་པ་རེད།

    2016ལོར། སྨྱུག་འཛིན་པ་སླར་ཡང་གྲོ་མོར་བཅར་འདྲི་བྱེད་པར་བསྐྱོད། སྐབས་དེ་དུས་གྲོ་མོར་འཛུགས་སྐྲུན་གྱི་ཚ་རླབས་རབ་ཏུ་འཕྱུར་བཞིན་མཆིས།

    འདི་ལོར། སྨྱུག་འཛིན་པ་ཡང་བསྐྱར་གྲོ་མོར་སྐྱོད་སྐབས་གྲོ་མོའི་ཡིད་འོང་མཛེས་སྡུག་གི་རྣམ་པས་ཡིད་དབང་འཕྲོག མཐའ་མཚམས་ཀྱི་རྫོང་ཆུང་དེའི་ཁྲོམ་དུ་སྐྱོད་སྐབས། མཐའ་འཁོར་གྱི་རི་ཆུ་དང་དབྱེར་མེད་དུ་འདྲེས་ཤིང་གནའ་དེང་གི་ཁྱད་ཆོས་མ་ཉམས་པར་འཇོ་སྒེག་ཉམས་འགྱུར་གྱིས་ཕྱུག་པས་སེམས་པ་མི་ཤོར་བ་ག་ལ་སྲིད།

    གཏམ་དཔེར“རི་ཁའི་ལྟོ་རྟེན་རི་ཡིན། ཆུ་ཁའི་ལྟོ་རྟེན་ཆུ་ཡིན”ཞེས་པ་ལྟར། གྲོ་མོ་རྫོང་ནི་ཧི་མ་ལ་ཡའི་ལྷོ་ངོས་དང་བྱང་ངོས་གཉིས་ཀར་ཆགས་ཡོད་པས། གནམ་གཤིས་ཐད་ཧེ་བག་ཧ་ཅང་ཆེ་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་ཡང་ལྡན། ཡིན་ན་ཡང་། ཇི་ལྟར་བྱས་ནས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག་རང་བྱུང་ཁམས་ཆེ་མོ་བེད་སྤྱོད་ཡག་པོ་བཏང་ནས། རང་བྱུང་གི་ལེགས་ཆ་དེ་དག་དབུལ་སྒྲོལ་འགག་སྒྲོལ་བརྒྱུད་རིམ་ཁྲོད་ཀྱི་དཔལ་འབྱོར་གྱི་ལེགས་ཆར་གྱུར་པར་བྱ་རྒྱུ་ནི། ཏང་དང་སྲིད་གཞུང་གི་སྲིད་སྐྱོང་ནུས་པའི་ཚོད་བགམ་ཆེན་པོ་ཞིག་ཏུ་གྱུར།

    ལོ་མང་རིང་། གྲོ་མོ་རྫོང་གིས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པ་དང་། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་ལས་དོན་རབ་དང་རིམ་པ་མང་པོ་སྤེལ་བ་རེད། རང་བྱུང་གི་གནོད་འཚེ་ཐེངས་གཉིས་ཐོན་ཡང་། གྲོ་མོ་རྫོང་གིས་ལོ་མང་རིང་རང་བྱུང་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག ཁྱད་ལྡན་ཐོན་ལས་ཀྱང་རིམ་བཞིན་སྟོབས་ཆེར་བཏང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དུང་བརྡ་སྒྲོག་སྐབས། གྲོ་མོ་རྫོང་གིས་ཐོན་ལས་ལེགས་ཆ་བེད་སྤྱོད་གང་ལེགས་བཏང་བས། ལྗོངས་ཡོངས་ཀྱི་དབུལ་ཞྭ་ཕུད་སྔ་ཤོས་ཀྱི་རྫོང་དང་ཆུས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།