དབྱར་དུས་བོད་ལྗོངས་སུ་སྐྱོད་སྐབས། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ཞིང་། “གངས་ལྗོངས་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་སུ་གྲགས་པའི་ཉིང་ཁྲི་གྲོང་ཁྱེར་ཕུད། ས་བབ་མཐོ་ལ་ཁོར་ཡུག་ཆ་རྐྱེན་ཞན་པའི་མངའ་རིས་ས་ཁུལ་ལའང་དུས་ད་ཆ་གང་སར་སྔོ་ལྗང་ལྗོན་ཤིང་དང་རྩྭ་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ཡོད། དེ་དག་ཚང་མ་རང་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་བཏང་ནས“གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་པའི”བྱ་སྤྱོད་སྤེལ་བ་ལས་ཕན་པ་ཐོབ་པ་ཞིག་རེད།
2017ལོ་ནས་བཟུང་། རང་ལྗོངས་ཀྱིས་ལོ་3གྱི་དུས་ཚོད་སྤྱད་དེ་ལོ་ལྟར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་100ལྷག་ཙམ་བྱས་པ་དང་། ས་བབ་མཐོ་ཚད་སྨི་4300མན་གྱི་ཤིང་འཛུགས་ནགས་བཟོ་འཚམ་པའི་ས་ཁུལ་དུ“ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་ཚོགས་ཆུང་། སྒོ་ར། ཞིང་དུད། ལྗོན་ཤིང་མེད་པ”བཅས་ཚང་མར་ལྗོན་ཤིང་ཡོད་པ་བྱེད་པའི་བྱ་སྤྱོད་སྤེལ་ཡོད་པ་རེད།
2018ལོའི་ཟླ་3པར། ས་གནས་དེ་གའི་ནགས་ལས་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་ཡུལ་མི་ལྷ་མོས་རང་ཁྱིམ་གྱི་སྒོ་རའི་ས་སྟོང་ནང་ཀུ་ཤུའི་སྡོང་པོ་དང་ཁམ་སྡོང་བཏབ་པ་དག་དུས་ད་ཆ་སྔོ་ཐིང་ཐིང་དུ་གྱུར་ཡོད་པ་རེད།
“དེ་སྔ་རང་ཁྱིམ་གྱི་སྒོ་རའི་ནང་ལྗོན་ཤིང་འདེབས་རྒྱུར་སྣང་འཇོག་བྱེད་ཀྱི་མེད། ད་ཆ་རང་ཁྱིམ་གྱི་སྒོ་ར་དང་གྲོང་ཚོའི་ནང་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ་དང་ཁང་པའི་རྒྱབ་མདུན་དུ་སྔོ་ཐིང་ཐིང་གི་ལྗོན་ཤིང་དང་རྩྭ་དང་མེ་ཏོག་ཡོད་པ་མཐོང་དུས་ཁོར་ཡུག་མཛེས་པོ་དེ་འདྲའི་ཁྲོད་འཚོ་བ་སྐྱེལ་རྒྱུ་བྱུང་བ་བདེ་སྐྱིད་ཡིན་པའི་མྱོང་ཚོར་ཡོང་གི་འདུག ང་ཚོས་ཀྱང་སྔོ་ལྗང་གི་གལ་ཆེའི་རང་བཞིན་རིམ་གྱིས་ཤེས་རྟོགས་ཐུབ་བྱུང”ཞེས་ལྷ་མོས་བརྗོད་པ་དང་། དུས་ད་ཆ་སྔོ་ལྗང་ལྗོན་ཤིང་སྲུང་སྐྱོང་བྱེད་རྒྱུ་དེ་ཡུལ་མི་ཚོའི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་པ་རེད།
མངའ་རིས་ས་ཁུལ་སྒར་རྫོང་རྒྱ་སྨུག་གྲོང་ཚོའི་ཡུལ་མི་ཤེས་རབ་རྒྱལ་མཚན་གྱིས་བཏབ་མ་ཐག་པའི་འོམ་བུ་ཤིང་ལ་ཉིན་ལྟར་ལྟ་སྲུང་དང་གཡོག་བྱེད་ཞིབ་ཚགས་བྱེད་ཅིང་། ཁོང་གིས“དེ་སྔ་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་འོག་ང་ཚོས་ལྗོན་ཤིང་བཏབ་མྱོང་། དེ་དག་མང་ཆེ་བ་འོམ་བུ་ཤིང་རེད། ཡིན་ནའང་གཞི་ཁྱོན་དེ་ཙམ་ཆེན་པོ་མེད་ལ། ཤིང་སོན་ལས་ཡོང་འབབ་དེ་བས་མང་པོ་བྱུང་བ་ཤེས་མ་བྱུང”ཞེས་གསར་འགོད་པར་བརྗོད་ཀྱི་འདུག
“2017ལོར། རྫོང་གིས‘གྲོང་ཚོ་དང་དུད་ཚང་ལ་ལྗོན་ཤིང་ཡོད་པ་བྱེད་པའི’ལས་དོན་སྤེལ་བར་ཤིང་སོན་མང་པོ་མཁོ་བས་ང་ཚོས་གྲོང་ཚོའི་ནང་ཤིང་སོན་ཧུར་ཐག་གསོས་པ་ཡིན། མཐར་དེ་དག་ལ་ཡོང་འབབ་སྒོར་ཁྲི་15རག་བྱུང་བས་ཚང་མ་དགའ་ཚོར་ཆེན་པོ་བྱུང་སོང”ཞེས་ཤེས་རབ་རྒྱལ་མཚན་གྱིས་བརྗོད་ཀྱི་འདུག
དཔལ་འབྱོར་གྱི་ཕན་འབྲས་ནི་ད་ཐེངས་ཀྱི“ལྗང་མདོག་དམག་འཐབ”ལས་བྱུང་བའི་ཕན་འབྲས་ཀྱི་གྲས་ཤིག་ཡིན་ཞིང་། སྒར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀའོ་པའོ་ཅུན་གྱིས་སྣོད་བཅུད་ཀྱི་ཕན་འབྲས་དེ་བས་ཆེ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
བྱ་སྤྱོད་སྤེལ་རིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཞིང་འབྲོག་མང་ཚོགས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་པས། ལོ་ལྟར་ཞིང་འབྲོག་པ་ཁྲི་10ལྷག་ཙམ་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་ཀའི་ནང་ཐད་ཀར་ཞུགས་ཡོད་ལ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་ཡོད་པ་རེད།
གྲངས་གཞི་ལས་མངོན་གསལ། 2018ལོའི་ལོ་མཇུག་བར། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་གྲོང་ཚོ་863དང་དུད་ཚང་ཁྲི་8ལྷག་ཙམ་ལ་ལྗོན་ཤིང་ཡོད་པ་བྱས་ནས་ལས་འགན་བསྡོམས་འབོར་གྱི་80%ལེགས་སྒྲུབ་བྱས་ཡོད་པ་རེད།
2019ལོར། བོད་ཀྱིས་དེ་བྱིངས་ཀྱི་གྲོང་ཚོ་212དང་དུད་ཚང་ཁྲི་1.9ལ་ལྗོན་ཤིང་ཡོད་པར་བྱ་རྒྱུ་ཡིན་ཞིང་། ད་ཆ་ཚ་ཚ་འུར་འུར་གྱི་སྔོ་ལྗང་བྱ་སྤྱོད་ཅིག་གངས་ལྗོངས་ས་མཐོའི་ཕྱོགས་བཞི་མཚམས་བརྒྱད་དུ་ཧུར་ཐག་སྤེལ་བཞིན་ཡོད།