ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་ད་ལོའི་ཁག་དང་པོའི་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་སྤྱི་དམངས་ལ་སྟོན་པའི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་སློབ་ཀྱི་འཐུས་མི་གདན་དྲངས་ནས་བཙོག་ཆུ་གཙང་བསིང་བཟོ་གྲྭའི་ཡུལ་དངོས་སུ་ལྟ་སྐོར་བྱས་ཏེ་བཙོག་ཆུ་གཙང་བསིང་གང་འདྲ་བྱེད་མིན་ཤེས་སུ་བཅུག་པ་རེད།
གཞིས་རྩེ་གྲོང་ཁྱེར་བཙོག་ཆུ་གཙང་བསིང་བཟོ་གྲྭར་སློབ་མ་ཚོས་ལས་དོན་པའི་སྣེ་ཁྲིད་དང་འཆད་ཁྲིད་འོག བཙོག་ཆུ་གཙང་བསིང་བཟོ་བའི་ལས་རིམ་ལ་ལྟ་སྐོར་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བཟོ་གྲྭ་དེས་ཉིན་ལྟར་བཙོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་3ཙམ་གཙང་བསིང་བྱེད་རྒྱུའི་འཆར་གཞི་བཀོད་ཡོད་པ་དང་ཞབས་འདེགས་ཞུ་ཡུལ་ནི་སྤྱི་ལེ་ངོས་གྲུ་ཁྲི་33ཙམ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཡིན་པ་རེད།
ད་ཐེངས་ཀྱི་ལྟ་སྐོར་བརྒྱུད་སློབ་མ་ཚོས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྔར་བས་རྒྱུས་མངའ་ལོན་ཐུབ་པ་རེད།
མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ་ཁོར་ཡུག་སྲུང་སྐྱོང་བཟོ་གྲྭ་གསུམ་གྱི་སྒྲིག་ཆས་རྒྱལ་ཡོངས་ཀྱི་སྤྱི་དམངས་ལ་སྟོན་པའི་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་ཁག་དང་པོའི་དཀར་ཆག་ནང་ཚུད་པ་སྟེ། གཞིས་རྩེ་གྲོང་ཁྱེར་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་དང་། སྨན་རོ་ཐག་གཅོད་ལྟེ་གནས། བཙོག་ཆུ་གཙང་བསིང་བཟོ་གྲྭ་བཅས་རེད།