དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སི་པ་ལུའུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་དགའ་ཐོབ་མཁན་ཚེ་རིང་དར་རྒྱས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-06-19

    མི་མེད་ཁུལ་གྱི་སྤྱི་ལེ་ཁྲི་1ལྷག་ཙམ་ལ་ཀླུང་བརྒལ་ཏེ་གད་སྙིགས་ཏུན་4ལྷག་ཙམ་འཚོལ་བསྡུ་བྱས་པ་དང་། སྐོར་སྲུང་ཐེངས་100ལྷག་ཙམ་བྱས་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་60ལྷག་ཙམ་བསྐྱབས་པ་ལ་སོགས་ནི་2018ལོའི་སི་པ་ལུའུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་དགའ་ཐོབ་མཁན་--ཚེ་རིང་དར་རྒྱས་ཀྱིས་བྱང་རྩྭ་ཐང་སྲུང་སྐྱོང་བྱས་པའི་གསོན་ཉམས་དོད་པའི་གྲུབ་འབྲས་ཤིག་རེད།

    2011ལོའི་ཟླ་12པར་ཚེ་རིང་དར་རྒྱས་དཔུང་སྡེ་ནས་ཕྱིར་ལོག་ཏེ་ཕ་ཡུལ་གྱི་སྣོད་བཅུད་སྲུང་སྐྱོང་བྱ་གཞག་ལ་གཞོལ་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ཆག་སྒོ་བྱུང་བར་ཁ་གསབ་སྤྲོད་པ་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པ་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་མཁན་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོབ་པ་དང་མི་དང་ཕྱུགས་རིགས་དབར་གྱི་འགལ་ཟླ་སེལ་བ་སོགས་ཀྱི་ལས་དོན་ཐད་ཁོང་གིས་ལོ་བདུན་གཞོལ་བ་རེད།

    “ཕོ་གསར་དེས་ལས་ཀ་གང་བྱས་ཀྱང་གཞན་གྱི་སྔོན་ལ་བསྒྲུབས་པ་ལས་འཁང་ར་རྩ་བ་ནས་བྱེད་མྱོང་མེད”ཅེས་འགོ་ཁྲིད་རྒན་གྲས་ཚེ་དབང་ནོར་བུས་བརྗོད་པ་དང་ཁོང་གི་མིག་ནང་ཚེ་རིང་དར་རྒྱས་ནི་ལས་ཀ་འཇོན་པ་དང་། ཧུར་བརྩོན་ཆེ་བ། བློ་སྟོབས་ཆེ་བ་བཅས་ཀྱི་གཞོན་ནུ་ཞིག་རེད།

    མཚོ་གཉིས་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་དོན་སྤེལ་བ་ནས་བཟུང་། ཚེ་རིང་དར་རྒྱས་ཀྱིས་རང་ཉིད་ལ་རེ་བ་ནན་པོ་བཅོལ་བ་དང་དུས་ཐོག་ཏུ་ལས་འགན་ཁག་ལེགས་སྒྲུབ་བྱེད་ཀྱི་ཡོད།

    2017ལོའི་ཟླ་8པའི་ཉིན་ཞིག་ཚེ་རིང་དར་རྒྱས་དང་ལས་རོགས་ཚོ་རླངས་འཁོར་བསྡད་ནས་ཕྱིར་སྐོར་སྐྱོད་བྱེད་པར་འགྲོ་སྐབས་ལམ་བར་དུ་རྐྱང་ཁྱུ་ལས་བྲལ་བའི་རྐྱང་ཕྲུག་གཅིག་མཐོང་བ་དང་། ཕར་ལྟ་དུས་སྐྱེས་ནས་ཟླ་བ་གཅིག་ཙམ་ལས་སོང་མེད་པས་ཕྱི་རོལ་དུ་ཁེར་རྐྱང་འཚོ་བ་སྐྱེལ་ཐབས་བྲལ།

    ཚེ་རིང་དར་རྒྱས་ཀྱིས་རྐྱང་ཕྲུག་དེ་བདག་དུ་མ་བཟུང་བའི་སྲོག་ཆགས་སྐྱོབ་བཅོས་ལྟེ་གནས་སུ་འཁྱེར་བ་དང་ཉིན་ལྟར་བར་ཐག་སྤྱི་ལེ་4ཙམ་ཡོད་པའི་འབྲོག་ར་ནས་ལུག་གི་འོ་མ་ཉོས་ཏེ་ཉིན་20ལྷག་ཙམ་གསོས་པ་དང་དེ་ནས་རང་བྱུང་ཁམས་སུ་གློད་པ་རེད།

    2013ལོའི་ཟླ་5ཚེས་23ཉིན་མཚོ་གཉིས་རྫོང་གྲོང་དང་བར་ཐག་སྤྱི་ལེ་2ཙམ་ཡོད་པའི་ཞིབ་བཤེར་ས་ཚིགས་སུ་ཡུལ་སྐོར་བ་ཁག་གཅིག་གིས་འབྲེལ་ཡོད་དཔང་ཡིག་གང་ཡང་མེད་པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བྱང་ཐང་དུ་བསྐྱོད་དེ་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་དང་ཨར་སྔུར་གངས་རི་སྲུང་སྐྱོང་ཁུལ་དུ་འགྲོ་རྩིས་བྱས།

    ཚེ་རིང་དར་རྒྱས་ལ་ཁ་པར་འབྱོར་ནས་གནས་ཚུལ་དེ་ཤེས་རྗེས་བསམ་བློ་མང་པོ་གཏོང་ཁོམ་མེད་པར་ལམ་སེང་སྦག་སྦག་བཏང་ནས་ཁ་ཏ་བྱེད་པར་བསྐྱོད། “སྐབས་དེ་དུས་སྦག་སྦག་མགྱོགས་པོ་བཏང་བས་རང་ཉིད་དང་སྦག་སྦག་ས་དོང་ནང་ཟགས་ཏེ་དྲན་པ་གསོས་དུས་སྨན་ཁང་དུ་འདུག”ཅེས་བཤད།

    ལས་ཁུངས་སུ་ལོག་སྐབས་ཟླ་བ་གཉིས་ཙམ་སོང་ཟིན། ཚེ་རིང་དར་རྒྱས་ཀྱི་རུས་ཆག་ཤོར་བའི་རྐང་པ་གཡོན་མར་ཚེམ་བུ་17བརྒྱབ་པའི་ཁར་ནད་རོ་ལུས་ནས་དགུན་ཁ་འཆར་རིམ་བཞིན་རྐང་པར་ན་གཟུག་གཏོང་གི་ཡོད།

    འོན་ཀྱང་ཚེ་རིང་དར་རྒྱས་ཀྱིས“རང་ཉིད་སྐྱེ་ས་འཚར་སའི་ཕ་ཡུལ་སྲུང་སྐྱོང་བྱ་རྒྱུ་ནི་ངའི་ཕུགས་འདུན་ཡིན། ངས་རང་ཉིད་ཀྱི་ལང་ཚོར་བརྟེན་ནས་ཚེ་སྲོག་ལ་གཅེས་སྤྲས་བྱས་པ་ལྟར་ཕ་ཡུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།