གསར་འགོད་པར་བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། 《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད(2018ལོ་ནས་2030ལོ་བར)》ནང་གཏན་འཁེལ་བའི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་ལས་གྲྭ་སྤྱིར་ན་བསྐྲུན་ཟིན་པ་དང་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་བ་རགས་ཙམ་བསྐྲུན་ནས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ནུས་པར་གདེང་འཇོག་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ཕན་འབྲས་ལ་དཔྱད་དཔོག་བྱེད་ཆེད་ལག་རྩལ་དང་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད་པ་རེད།
2018ལོར་བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཇོ་མོ་གླང་མ་དང་། གནམ་མཚོ། ཡར་འབྲོག་གཡུ་མཚོ་བཅས་དཔེ་མཚོན་ས་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་གྱི་སྐྱེལ་འདྲེན་གཉེར་སྐྱོང་དུས་སྐབས་ཀྱི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ཡོད། རྒྱབ་ཁབ་ཀྱིས་ཚོད་འཛིན་བྱས་པའི་ས་ངོས་ཆུ་དང་། ས་ཁུལ་རིམ་པ་ཡན་གྱི་འཐུང་ཆུའི་ཆུ་འགོའི་ཁུལ། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་སྦགས་བཙོག་ཡོང་ཁུངས་ལ་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱས་ཡོད། ལོ་ཧྲིལ་པོར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་སྣ་ཚོགས་ཁྱོན་83568ཟིན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྣོད་བཅུད་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ས་ཆ་དངོས་དང་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་ཁང་གི་ཀྲུའུ་རེན་དབྱི་ལེས། “ཤན་རྩ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ། དིང་རི། གཞིས་རྩེ། ནག་ཆུ་སོགས་ཀྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་ས་ཚིགས་7བསྐྲུན་ཟིན་པ་དང་ཆབས་ཅིག་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། མངའ་རིས་དང་། སྒེར་རྩེ། སྨར་ཁམས་སོགས་ཀྱི་སྣོད་བཅུད་ལྟ་ཞིབ་ཚད་ལེན་ས་ཚིགས་3གྱི་འཛུགས་སྐྲུན་རྣམ་གྲངས་སྐྲུན་བཞིན་ཡོད། སྣོད་བཅུད་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཁོར་ཡུག་ལྟ་འདོམས་ཀྱི་ནུས་པ་ཧུར་ཐག་བཏོན་ཏེ་བོད་ཀྱི་སྣོད་བཅུད་ཁོར་ཡུག་མུ་མཐུད་རྒྱུན་འཁྱོངས་ཡག་པོ་ཐུབ་ཆེད་ཚན་རིག་གི་འདེགས་སྐྱོར་བྱས་ཡོད་ཅེས་བརྗོད་པ་རེད།