དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐབས་དང་པོའི་གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་6ཚེས་2ཉིན་གཉེར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-06-03

    འདི་ལོའི་དུས་ཚིགས་དང་པོར།

    གྲོ་མོ་རྫོང་གིས།

    ▲ ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་43620ལ་སྣེ་ལེན་ཞུས་པར་ན་ནིང་གི་དུས་མཚུངས་ལས་32%འཕར་ཡོད།

    ▲ ཡུལ་སྐོར་ཡོང་འབབ་སྒོར་ཁྲི་452ཟིན་ནས་ན་ནིང་གི་དུས་མཚུངས་ལས་17%འཕར་ཡོད།

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20ཉིན་གྱི་སྔ་དྲོ། སྐབས་དང་པོའི་གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་ཤིང་། གསར་འགོད་པར་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྐབས་དང་པོའི་གྲོ་མོའི་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་6ཚེས་2ནས་ཚེས་8ཉིན་བར་གཉེར་རྒྱུ་ཡིན་ཞིང་། ཡུལ་སྐོར་རིག་གནས་དུས་ཆེན་གཉེར་རིང་གྲོ་མོས་མེ་ཕུང་དགོང་ཚོགས་དང་། པར་རིས་དང་ཡིག་གཟུགས་འགྲེམས་སྟོན། ཚོང་འདུས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

    གྲོ་མོ་ནི་མཚོ་བོད་ས་མཐོའི་ཐོག་རི་ཀླུང་མཛེས་ཤོས་ཀྱི་མཐའ་མཚམས་གྲོང་རྡལ་ཆུང་ངུའི་གྲས་ཤིག་ཡིན་པ་དེར་ལོ་རྒྱུས་དང་རིག་གནས་ཡུལ་སྐོར་དང་། རང་བྱུང་སྣོད་བཅུད་ཡུལ་སྐོར། མི་རིགས་ཀྱི་དུས་སྟོན་ཡུལ་སྐོར། གོམ་བགྲོད་མྱུལ་དཔྱད་ཡུལ་སྐོར། སྒེར་འཁོར་གྱི་དམིགས་བསལ་ཡུལ་སྐོར། མཐའ་མཚམས་ཚོང་དོན་གྱི་ཁྱད་ལྡན་ཡུལ་སྐོར་སོགས་ཕྱོགས་བསྡུས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ཡུལ་སྐོར་རིགས་དྲུག་ཟུང་དུ་འབྲེལ་བའི་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་ཡུལ་སྐོར་ཐོན་ཁུངས་ཡུལ་སྐོར་བས་གདམ་ཆོག་གི་ཡོད། གྲོ་མོའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། མཛེས་ལྗོངས་ཁུལ་གཙོ་བོའི་གྲས་སུ་ཇོ་མོ་ལྷ་རི་དང་། རྣ་ཐོས་ལ། ཁམ་བུ་ཆུ་ཚན། དུང་དཀར་དགོན། བཀའ་བརྒྱུད་དགོན། ཕག་རིའི་རྩྭ་ཐང་། གྲོ་མོ་སྨད་ཀྱི་གདོད་མའི་ནགས་ཚལ། གྲོ་མོར་བཅའ་སྡོད་དབྱིན་ཇིའི་ཚོང་དོན་འཐུས་ཚབ་ཀྱི་གནའ་ཤུལ། ཆིང་རྒྱལ་རབས་ཀྱི་འགག་སྒོའི་གནའ་ཤུལ། རིན་ཆེན་སྒང་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སོགས་ཡོད་པ་རེད།

    གྲོ་མོ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཉི་དཀར་གྱིས་ངོ་སྤྲོད་བྱས་པར། གྲོ་མོ་ནི་སྔར་ནས་བཟུང་ཨེ་ཤེ་ཡ་ལྷོ་མར་སྐྱོད་སའི་བགྲོད་ལམ་དང་མཐའ་མཚམས་ཀྱི་གྲོང་རྡལ་གཙོ་བོ་ཞིག་ཡིན་པ་དང་། ཇ་རྟའི་གནའ་ལམ་གྱི་ས་ཚིགས་མཐའ་མ་ཡིན་པ་དེར་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ལྡན་པས། ང་ཚོས་རང་ལྗོངས་ཀྱི་མཐའ་མཚམས་ཡུལ་སྐོར་གྱི་དམིགས་སའི་ཁྱད་ཆོས་ཀྱི་ཡུལ་སྐོར་ལམ་ཐིག་ནུས་ཤུགས་ཡོད་རྒུས་བཏོད་དེ་རིག་གནས་ཡུལ་སྐོར་དེ་ཉིད་རྫོང་དེའི་ཀ་རྟེན་རང་བཞིན་གྱི་ཐོན་ལས་སུ་དངོས་འབྲེལ་འགྱུར་བ་བྱ་རྒྱུ་ཡིན།

    སྐབས་དང་པོའི་རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་གྱི་ཡུལ་སྐོར་རིག་གནས་དུས་ཆེན་གྱིས“མཐའ་མཚམས་ཀྱི་གྲོང་རྡལ་གལ་ཆེན། བརྩེ་སེམས་ཀྱིས་ཕྱུག་པའི་གྲོ་མོ”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་དམིགས་ཡུལ་ནི་གྲོ་མོ་རྫོང་གི་ནང་དོན་ཟབ་པའི་ལོ་རྒྱུས་རིག་གནས་ཐོན་ཁུངས་དང་། མཛེས་སྡུག་ལྟ་ན་ལྡན་པའི་ཡུལ་སྐོར་ཐོན་ཁུངས། མྱུར་ལ་སྟབས་བདེ་བའི་མཐའ་མཚམས་ཚོང་དོན་གྱི་བགྲོད་ལམ་གང་ལེགས་མངོན་པར་བྱས་ཏེ་གྲོ་མོ་རྫོང་གི་མིང་གྲགས་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་དང་། མཐའ་མཚམས་ཚོང་དོན་གྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། བྱེད་སྒོའི་ཐོག་མཐའ་མཚམས་ཚོང་དོན་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་མཐའ་མཚམས་ཚོང་དོན་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་པོར་འགྱུར་བ་དམིགས་ཚད་དུ་བྱས་ཏེ་ཡུལ་སྐོར་གྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ། རིག་གནས་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་གྲོ་མོ་རྫོང་གི་ཐུན་མོང་མ་ཡིན་པའི་མཐའ་མཚམས་རིག་གནས་འོས་སྦྱོར་ངོ་སྤྲོད་བྱེད་པ་བཅས་རེད།

    འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལྷ་མོའི་འཁྲབ་གཞུང་དང་། གྲོ་མོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་མདའ་གཞས། གྲོ་མོ་རྫོང་གི་དམངས་ཁྲོད་སྲོལ་རྒྱུན་ཞབས་བྲོ་དང་སྒོར་གཞས། གྲོ་མོ་རྫོང་གི་མཛེས་ལྗོངས་ཁུལ་དང་དེ་བཞིན་ཡུལ་སྐོར་ལམ་ཐིག་འོས་སྦྱོར་ངོ་སྤྲོད། གྲོ་མོའི་དྲིལ་བསྒྲགས་བརྙན་པར་སྟོན་པ། ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་བའི་བློ་འདྲིར་ལན་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འགྲེམས་སྟོན་ལ་ཞུགས་མཁན་ཚོར་གྲོ་མོའི་ཕུན་སུམ་ཚོགས་པ་དང་ཐུན་མིན་གྱི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ཐོན་རྫས་ངོ་སྤྲོད་བྱ་རྒྱུ་དང་འབྲེལ། ཕྱི་ཕྱོགས་ལ་རྫོང་དེའི་ཡུལ་སྐོར་མཉམ་ལས་དང་སྤེལ་རེས་ཀྱི་ཡངས་པའི་མདུན་ལྗོངས་འོས་སྦྱོར་ངོ་སྤྲོད་དང་དྲིལ་བསྒྲགས་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་གྲོ་མོ་རྫོང་གིས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་119870ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་43%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་3271.4ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་14.9%འཕར་ཡོད། འགྲུལ་པ་ཕལ་ཆེ་བ་ནི་ཀྲུང་ཧྭ་ཤར་རྒྱུད་དང་ལྷོ་ནུབ་ས་ཁུལ་ནས་ཡིན་པ་དང་། ལྗོངས་ཕྱིའི་ཡུལ་སྐོར་བའི་བསྡུར་ཚད་56%ཙམ་ཟིན་ཡོད། འདི་ལོའི་དུས་ཚིགས་དང་པོར་གྲོ་མོ་རྫོང་གིས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་43620ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་32%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་452ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་17%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།