དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་གནའ་སྡོང་དང་རྩ་ཆེའི་ལྗོན་ཤིང་གི་ཡོངས་བཤེར་ལས་དོན་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-05-31

    2018ལོའི་ཟླ་5ནས་བཟུང་། བོད་ཀྱིས་གནའ་སྡོང་དང་རྩ་ཆེའི་ལྗོན་ཤིང་གི་ཐོན་ཁུངས་ལ་ཡོངས་བཤེར་བྱེད་འགོ་ཚུགས་པ་དང་། མིག་སྔར་ཞིབ་བཤེར་ལས་དོན་ལེགས་གྲུབ་ཟིན་པ་རེད། ད་ཐེངས་ཀྱི་ཡོངས་བཤེར་བྱ་ཡུལ་གཙོ་བོ་ནི་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ། གཞིས་རྩེ། མངའ་རིས། ཆབ་མདོ་བཅས་གྲོང་ཁྱེར(ས་ཁུལ)6གི་རྫོང་54དང་ཆུས་4རེད། བརྟག་དཔྱད་བྱས་འབྲས་ལས་མངོན་དོན། བོད་དུ་གནའ་སྡོང་38652ཡོད་པ་རེད། དེའི་ནང་རིམ་པ་དང་པོའི་གནའ་སྡོང་4590དང་། རིམ་པ་གཉིས་པའི་གནའ་སྡོང་15400 རིམ་པ་གསུམ་པའི་གནའ་སྡོང་18600བཅས་ཡོད་པ་རེད། 

    བརྟག་དཔྱད་བྱས་པ་ལས་ཤེས་གསལ། བོད་དུ་གནའ་སྡོང་རིགས་14ཡོད་པའི་ནང་ལྷ་ས་གྲོང་ཁྱེར་དུ་2དང་། གཞིས་རྩེ་གྲོང་ཁྱེར་དུ་1 ལྷོ་ཁ་གྲོང་ཁྱེར་དུ་2 ཉིང་ཁྲི་གྲོང་ཁྱེར་དུ་5 ཆབ་མདོ་གྲོང་ཁྱེར་དུ་2 མངའ་རིས་ས་ཁུལ་དུ་2བཅས་ཡོད་ཅིང་། རིགས་དེ་དག་ལས་གྲངས་འབོར་ཉུང་ཤོས་ལ་སྡོང་པོ30དང་མང་ཤོས་ལ་སྡོང་པོ་3000ལྷག་ཙམ་ཡོད་པ་རེད། 

    བོད་ཀྱི་གནའ་སྡོང་དང་རྩ་ཆེའི་ལྗོན་ཤིང་གི་རིགས་ལ་གཙོ་བོ་སྟར་སྡོང་དང་། བོད་ཀྱི་སྦྱར་པ། རྒྱ་ལྕང་། འབྲས་ཆེན་ཤུག་པ། གླ་ཚེར། ཆབ་མདོའི་སྦྱར་པ། ཤུག་སྡོང་ཆེན་པོ། ཡོམ་འབོག སྒྲོ་བ་ཤིང་། རྒྱ་ལྕང་དཀར་པོ། ཚེར་སྡོང་། སྡོང་རིང་ཐང་ཤིང་སོགས་ཡིན་པ་དང་མང་ཤོས་ནི་སྟར་སྡོང་དང་བོད་ཀྱི་སྦྱར་པ་ཡིན་པ་རེད།

    ལྗོན་ཤིང་གི་ལོ་ཚད་རིང་ཤོས་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་ཡོད་པའི་ལོ་3200ཟིན་པའི་ཤུག་སྡོང་ཆེན་པོ་ཡིན་པ་དང་། ད་དུང་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ལོ་1000ཟིན་པའི་སྟར་སྟོང་དང་། ཆབ་མདོ་ལྷོ་རོང་གི་ལོ་500ཟིན་པའི་བོད་ཀྱི་སྦྱར་པ། གཞིས་རྩེའི་ངམ་རིང་རྫོང་གི་ལོ་1000གཡས་གཡོན་གྱི་འབྲས་ཆེན་ཤུག་པ་བཅས་ནི་ལོ་ཚད་རིང་བའི་གྲས་སུ་ཚུད་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།