དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་རྣམ་གླིང་དུ་ས་མཐོའི“སྔོ་ལྗང་གྲོང”བཏོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-05-29

    འདི་ལོའི་ལོ་འགོར། བོད་ལྗོངས་རྣམ་གླིང་རྫོང་སླེའུ་ཀོག་གྲོང་ཚོའི་གྲོང་མི་ཚོས་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཟླ་གསུམ་གྱི་རྗེས་སུ་སྒོར་ཁྲི་73ལྷག་གི་རྣམ་གྲངས་ཤིག་རག ཉེ་དུས་སུ་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་། ཁོང་ཚོས་རྫོང་དབུས་ཀྱི་ཤངས་ཆུ་གཙང་འགྲམ་གྱི་་མུའུ་530ཡི་སར་ལྕང་སོན་རྐང་ཁྲི་205བཏབ་པ་རེད།

    སླེའུ་ཀོག་གྲོང་ཚོ་ནི་རྣམ་གླིང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་ཚོ་ཞིག་ཡིན་པ་དང་། ད་ཆ་དུད་ཚང་121དང་མི་531ཡོད་པའི་ཁྲོད་ཀྱི་དུད་ཚང་33སྔར་བཞིན་དབུལ་སྒྲོལ་ཐུབ་མེད། རྨོ་བསྐྱུར་ནགས་བཟོའི་ལས་གྲྭའི་ཁ་གསབ་དང་། སྣོད་བཅུད་ལས་གནས། ནགས་སྲུང་བའི་ལས་གནས་སོགས་ལ་བརྟེན་ནས་གྲོང་ཚོའི་མི་རྣམས་ལ“སྣོད་བཅུད་ཀྱི་ཟས”བཟའ་རྒྱུ་བྱུང་ཡོད།

    དུད་ཚང་དབུལ་པོ་བུ་བཟང་ཁྱིམ་གྱི་ལྕང་མ་སྡོང་རྐང་105སྐྱེ་འཚར་ཡག་ཤོས་ཡིན་པ་དང་། དེ་དག་ཁྲོད་ཀྱི་སྡོང་རྐང་60སྲིད་གཞུང་ནས་སྤྲད་པ་ཕུད། དེ་བྱིངས་ཀྱི་སྡོང་རྐང་40ལྷག་ནི་ཁོང་རང་གིས་སྒོར་300ལྷག་བཏང་ནས་ཉོས་པ་ཞིག་རེད། “ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། རང་ཉིད་སྡོད་སྐབས་ཀྱང་སྣང་བ་སྐྱིད་པོ་འདུག”ཅེས་ལོ་52ལ་སོན་པའི་བུ་བཟང་གིས་བཤད།

    འོན་ཀྱང་ལོ་20གོང་གི་སླེའུ་ཀོག་གྲོང་ཚོའི་རྣམ་པ་དེ་འདྲ་ག་ལ་ཡིན། 1999ལོར་ཁོང་གྲོང་ཚོ་དེར་ཐོག་མར་སྤོ་སྐབས། མཐའ་འཁོར་ཚང་མ་སྐྱ་ཐེར་ཐེར་རེད་ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་རྡོ་རྗེས་ཕྱིར་དྲན་བྱེད་བཞིན་བཤད།

    རྣམ་གླིང་རྫོང་དེ་ཉིད་ཡར་ཀླུང་གཙང་པོའི་དབུས་སྟོད་རྒྱུད་ཀྱི་བྱང་ངོས་སུ་ཆགས་པ་དང་ཆ་སྙོམས་ས་བབ་སྨི་4000ཡན་ཡོད་པ་རེད། དེ་སྔ་བྱེ་འགྱུར་གྱི་དཀའ་ངལ་ཆེན་པོ་འཕྲད། ད་ཆའང་སྔར་བཞིན་རྒྱལ་ཁབ་རིམ་པའི་ཤིན་ཏུ་དབུལ་པོའི་རྫོང་ཞིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་འོག ཉིན་རེ་ལས་མ་འདས་པར་རྣམ་གླིང་རྫོང་གི་སྣོད་བཅུད་འཛུགས་སྐྱོང་ལ་འགྱུར་ལྡོག་འགྲོ་བཞིན་ཡོད།

    2014ལོ་ནས་2017ལོ་བར། རྒྱལ་ཁབ་ཀྱིས་མ་རྩ་སྒོར་དུང་ཕྱུར་1.5བཏང་ནས་ཡར་ཀླུང་གཙང་པོའི་བྱང་ངོས་སུ་ཆགས་པའི་རྣམ་གླིང་རྫོང་གི་སྣོད་བཅུད་དཔེ་སྟོན་ཁུལ་དུ་ལྕང་འཛུགས་ནགས་བཟོ་མུའུ་ཁྲི་3ལྷག་བྱས་པར་རིགས་ཁག་གི་སྡོང་ཕྲུག་རྐང་ཁྲི་192བཙུགས་པ་དང་གསོན་ཚད་92%ཡན་ཟིན་ཡོད། 2018ལོ་ནས་ད་བར་དུ་རྣམ་གླིང་རྫོང་གིས་སླར་ཡང་དཔེ་སྟོན་ཁུལ་ཕྱི་རོལ་དུ་སྣོད་བཅུད་ནགས་ཚལ་མུའུ་ཁྲི་གཅིག་བཏབ་པ་རེད།

    རྒྱལ་ཁབ་ཀྱིས་མ་རྩ་བཏང་བ་ཕུད། 2018ལོར་རྣམ་གླིང་རྫོང་གིས་མ་རྩ་སྒོར་ཁྲི་100བཏང་སྟེ“མེད་པ་བཟོ་བ་ལྔའི”ལྕང་འཛུགས་སྔོ་འགྱུར་གྱི་ལས་འགུལ་སྤེལ་ནས་ལྕང་མ་མུའུ་2000ལྷག་བཏབ་པ་རེད།

    ཧྲན་ཏུང་ཝའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ལོ་ལྟར་མ་དངུལ་སྒོར་ཁྲི་80བཏང་ནས་ས་གནས་དེ་གའི་ཞིང་པ་60ལྕང་གསོ་ལྕང་སྲུང་བྱེད་པར་ལས་བསྡུ་བྱས་པ་ལས། ཕྱོགས་གཅིག་ནས་ལྕང་མ་གསོན་ཚད་མཐོ་རུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་ཞིང་པར་འབབ་འཕར་བྱུང་ཡོད།

    ཝའེ་ཧྥང་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ད་དུང་ལོ་3གྱི་གོང་དུ་ཝའེ་ཧྥང་ཅིན་སི་ཏ་ཁེ་ལས་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ་རྣམ་གླིང་རྫོང་གི་ཤངས་ཆུའི་རོང་གི་དཔལ་འབྱོར་ནགས་ཚལ་གྱི་སྣོད་བཅུད་ཐོན་ལས་དབུལ་སྐྱོར་རྣམ་གྲངས་བཏོད་པ་རེད།

    མིག་སྔར། རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་ཁེ་ལས་དང་གྲོས་མཐུན་བཞག་སྟེ་ལོ་གསུམ་ནང་མ་རྩ་སྒོར་དུང་ཕྱུར་3བཏང་ནས་ཤངས་ཆུའི་ངོགས་གཉིས་སུ་མུའུ་ཁྲིའི་དཔལ་འབྱོར་ནགས་ཚལ་རྟེན་གཞི་འཕེལ་རྒྱས་གཏོང་རྒྱུ་རེད། 2019ལོར་མ་རྩ་སྒོར་དུང་ཕྱུར་1བཏང་ནས་ཧའེ་ཐང་དང་ས་གནས་དེ་གའི་སྡོང་ཕྲུག་མུའུ་3000བཏབ་ཡོད་པ་རེད།

    རྣམ་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཞའོ་ཧྭ་ཡིས། སྣོད་བཅུད་ལ་བརྟེན་ནས་འགོ་འཛུགས་པ་དང་། སྲིད་ཇུས་ལ་བརྟེན་ནས་སྐུལ་འདེད་གཏོང་བ། སྲིད་གཞུང་གིས་སྐུལ་སྤེལ་གཏོང་བ། ཁེ་ལས་ཀྱིས་སྣེ་ཁྲིད་པ། ཁྲོམ་རས་སྐུལ་སྤེལ་གཏོང་བ། ཐོན་ལས་ཀྱིས་སྐུལ་ཁྲིད་བྱེད་པ། དབུལ་སྐྱོར་ལས་ཤུགས་རྐྱེན་ཐེབས་པ་བཅས་ལ་བརྟེན་ནས་དཔལ་འབྱོར་ནགས་ཚལ་རྣམ་གྲངས་འཕེལ་རྒྱས་བཏང་བ་དེས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུ་དང་། དེ་བཞིན་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བར་སྐུལ་འདེད་ཐུབ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།