ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། 2018ལོར་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་སྣོད་བཅུད་ནགས་སྲུང་དང་། ནགས་ལས་ཐོན་ཁུངས་བདག་སྐྱོང་། སྣོད་བཅུད་འཛུགས་སྐྱོང་སོགས་ལ་ཞུགས་པ་བརྒྱུད། འབབ་འཕར་སྒོར་དུང་ཕྱུར་25ཙམ་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར། རང་ལྗོངས་ཀྱིས་རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱི་གཅོད་འབྲེག་བྱ་རྒྱུ་ཕྱོགས་ཡོངས་ནས་མཚམས་བཞག་སྟེ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་པ་དང་གཅོད་མཚམས་བཞག་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་4.5དོན་འཁྱོལ་བྱས་པ་རེད། ནགས་སའི་བེད་སྤྱོད་བཅད་གྲངས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནགས་སའི་རྣམ་གྲངས་ཁག་171ལག་ལེན་བསྟར་ཡོད། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་སྔོ་འགྱུར་ནགས་གསོ་དང་། རྨོ་སྐྱུར་ནགས་གསོ། བྱེ་འགོག་བྱེ་བཅོས་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་ནས་ནགས་གསོ་མུའུ་ཁྲི་112བྱས་པ་རེད། ནགས་ཚལ་གྱི་སྤུས་ཚད་གནད་སྨིན་མཐོར་གཏོང་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ནགས་ཚལ་མུའུ་ཁྲི་34སྐྱེད་སྲིང་དང་ནགས་གསོའི་ཁ་གསབ་ལས་འགན་མུའུ་ཁྲི་3ལེགས་སྒྲུབ་བྱས་པ་རེད། གཞན་ཡང་། མ་རྩ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས“ལྗོན་ཤིང་མེད་པའི་གྲོང་ཚོ”863དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་8ལྷག་ཙམ་མེད་པར་བཟོས་པ་རེད།
ཐོན་ཁུངས་བདག་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བས་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད། དེ་དང་ཆབས་ཅིག ཞིང་འབྲོག་མང་ཚོགས་ཀྱིས་སྣོད་བཅུད་ནགས་སྲུང་དང་། སྔོ་འགྱུར་ནགས་གསོ། བྱེ་འགོག་བྱེ་བཅོས་སོགས“སྔོ་འགྱུར་ལས་གནས”དང“ལྗང་མདོག་དམངས་ཕྱུག”གི་འདུ་འགོད་ལ་ཞུགས་པས་འབབ་འཕར་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་རང་ལྗོངས་ཀྱིས་སྣོད་བཅུད་ཁ་གསབ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྣོད་བཅུད་ནགས་སྲུང་བའི་ལས་གནས་ཁྲི་30.9དོན་འཁྱོལ་བྱས་པ་དང་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་10ལྷག་ཙམ་ཡོང་རྒྱུར་ཁྲིད་སྟོན་བྱས་པ་རེད། ཞིང་འབྲོག་པ་ནགས་ལས་ཐོན་ཁུངས་བདག་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་ལ་ཞུགས་སུ་བཅུག་པ་དང་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་15ཙམ་ཡོང་རྒྱུར་ཁྲིད་སྟོན་བྱས་པ་རེད།