དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཞིང་འབྲོག་པ་དེ་བས་མང་བས་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-05-06

    ཉེ་ཆར་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་རང་ལྗོངས་ཀྱིས་སྣོད་བཅུད་ཁ་གསབ་ལས་གནས་ཁྲི་30དོན་འཁྱོལ་བྱས་པ་དང་ཞིང་འབྲོག་མང་ཚོགས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱས་པ་བརྒྱུད་ལོ་ལྟར་ཞིང་འབྲོག་མང་ཚོགས་ཁྲི་10ལྷག་ཙམ་ལ་མི་རེའི་ཆ་སྙོམས་འབབ་འཕར་སྒོར་3000ལྷག་ཙམ་བྱུང་ཡོད། 2018ལོར་ཞིང་འབྲོག་མང་ཚོགས་ཀྱིས་ནགས་ལས་ཐོན་ཁུངས་བདག་སྐྱོང་དང་སྣོད་བཅུད་འཛུགས་སྐྲུན་སོགས་ནང་ཞུགས་པ་བརྒྱུད་འབབ་འཕར་སྒོར་དུང་ཕྱུར་15བྱུང་ཡོད།

    ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་རྒྱུ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ས་ཆའི་སྔོ་འགྱུར་བྱ་སྤྱོད་ལ་གཞི་ཁྱོན་ཆེ་བའི་སྒོ་ནས་སྐུལ་འདེད་བཏང་བ་རེད། 2018ལོར་རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་107བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་སྤྱད་པའི་ནང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་7.7བཏང་བར་མིས་བཟོས་ནགས་གསོ་མུའུ་ཁྲི་59.8དང་རི་རྒྱ་ནགས་བཟོ་མུའུ་ཁྲི་52.7བྱས་པ་རེད། མིག་སྔའི་བར་ས་བབ་མཐོ་ཚད་སྨི་4300མན་གྱི་ས་ཁོངས་སུ“ལྗོན་ཤིང་མེད་པའི་གྲོང་ཚོ”863དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་8.32མི་ལྷག་པ་བྱས་པ་དེས་སྤྱིའི་འཆར་འགོད་ཀྱི་80%ཁག་སོ་སོར་བཟུང་ཡོད། ཁོར་ཡུག་མཛེས་སུ་གཏོང་བ་དང་དུས་མཚུངས་ཞིང་འབྲོག་མང་ཚོགས་ཀྱི་ལྗོན་ཤིང་ལ་དགའ་ཞེན་དང་ལྗོན་ཤིང་འཛུགས་པའི་འདུ་ཤེས་ཟབ་ཏུ་བཏང་ཞིང་། རྒྱལ་ཁབ་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ལྗོངས་ཡོངས་ཀྱི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1491དང་། ནགས་ཚལ་ཁྱབ་ཚད་12.14% ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་22.8བཅས་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་12.31%གི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་ཆེད་2019ལོར་རང་ལྗོངས་ཀྱིས་མུ་མཐུད་རི་རྒྱ་ནགས་གསོ་དང་མིས་བཟོས་ནགས་བཟོའི་བྱ་ཐབས་མཉམ་སྤྱོད་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”གཙོ་གནད་དུ་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མུའུ་ཁྲི་127གྱི་ནགས་བཟོའི་དམིགས་ཚད་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུའི་ནང་མིས་བཟོས་ནགས་བཟོ་མུའུ་ཁྲི་53.2ཚུད་ཡོད། 

    “ལྗོན་ཤིང་མེད་པའི་གྲོང་ཚོ”དང“ལྗོན་ཤིང་མེད་པའི་དུད་ཚང”མི་ལྷག་པ་བྱེད་པ་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལོ་འཁོར་མོར“ལྗོན་ཤིང་མེད་པའི་གྲོང་ཚོ”212དང“ལྗོན་ཤིང་མེད་པའི་དུད་ཚང”ཁྲི་1.8མི་ལྷག་པ་བྱེད་རྩིས་ཡོད་པ་དང་ལོ་འདིའི་ནང་ས་བབ་མཐོ་ཚད་སྨི་4300མན་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ”དང“ལྗོན་ཤིང་མེད་པའི་དུད་ཚང”མི་ལྷག་པ་བྱེད་མཁན་རེད། འཛུགས་སྐྲུན་དང་བདག་སྐྱོང་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་ཀྱིས་ཤིང་འཛུགས་ནགས་བཟོའི་ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་དང་དུས་མཇུག་ཏུ་བདག་སྐྱོང་འགག་སྒོ་ནན་པོ་བསྲུངས་ཏེ་ནགས་དཔོན་ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་ཧུར་ཐག་བྱས་ནས་ནགས་ཚལ་ཐོན་ཁུངས་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་མཁན་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།