དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གོང་དཀར་རྫོང་གི་ས་བབ་ཧ་ཅང་མཐོ་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་སྲིན་བུ་རིའི་ལས་ཡུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-04-23

    ཟླ་བཞི་པའི་སྲིན་བུ་རི་གྲོང་ཚོའི་ས་ཕྱོགས་གང་སར་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་གྲགས་པ་དང་འཁོར་རིགས་སྣ་ཚོགས་ཕར་འགྲོ་ཚུར་འོང་བྱེད་ལ་ལས་ལ་བྲེལ་བའི་མི་ཚོགས་ཀྱིས་ཁེངས་འདུག

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་ས་བབ་ཧ་ཅང་མཐོ་ཁུལ་གྱི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་བྱ་ཡུལ་སྲིན་བུ་རིའི་ལས་ཡུལ་དུ་ཨར་ལས་བཟོ་པ་འགའ་རེ་སོ་ཕག་བརྩེག་རྒྱུར་བྲེལ་བཞིན་ཡོད་པ་དང་། ལ་ལས་ཨར་འདམ་སྲུབ་དཀྲུག་གཏོང་བཞིན་ཡོད། དེ་ཁུལ་དུ་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་གྲགས་པ་དང་སྐྱེལ་འདྲེན་འཁོར་རིགས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་ལས་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པ་མངོན་གྱི་འདུག

    ཉིན་ཤས་གོང་། ལས་ཡུལ་དེར་རྣམ་པ་གསར་གཏོད་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་ཞིག་སྤེལ་ཞིང་། སྒྲོག་འགྲེལ་པ་དང་ལས་མི་ཚོ་རུབ་རུབ་ཏུ་བསྡད་ནས་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་དྲིལ་བསྒྲགས་བྱས་ནས་ཚང་མས“ཕན་པ་སུ་ལ་ཐོབ་པ་དང་། ཕན་པ་གང་ནས་བྱུང་བ”དེ་བས་གསལ་པོ་ཤེས་སུ་འཇུག་པ་དང་། མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ལས་མིའི་ཧུར་སེམས་ཆེ་རུ་གཏོང་ཕྱིར། ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཤེས་བྱའི་དྲི་བ་དྲིས་ལན་གྱི་རྣམ་པར་བརྟེན་ནས་ཚང་མ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་སྦྲགས་ཨ་ཅོར་དང་ཡི་ཙེ་སོགས་བྱ་དགའི་དངོས་རྫས་ཆུང་ཆུང་དམིགས་སུ་གྲ་སྒྲིག་བྱས་ཡོད་པ་རེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དུས་མཚམས་གསུམ་པའི་ནང་དོན་གང་ཡིན་ནམ་ཞེས་འདྲི་སྐབས། ཨར་ལས་ལས་མི་ཆོས་དབྱངས་གྲགས་པས“ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་རྒྱུ་དེ་རེད”ཅེས་མྱུར་དུ་ལན་བཏབ་པ་དང་། བྱ་དགའ་ཨ་ཅོར་བླངས་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་ཁོང་གིས“བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུ་ང་ཚོ་རང་ཉིད་ལ་བརྟེན་དགོས། ང་ཚོས་རང་གི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་གཏོད་དགོས”ཞེས་བརྗོད།

    འདི་ལོ་ལོ་27ཡིན་པའི་ཆོས་དབྱངས་གྲགས་པ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་གཡག་རུ་སྟོད་གྲོང་ཚོ་ནས་ཡིན་པ་དང་། བོད་ལྗོངས་ལྷོ་ཁ་ཡར་འབྲོག་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་ལས་ཀ་བྱས་ནས་ལོ་7སོང་ཡོད་པ་རེད། ད་ཆ་ལས་ལ་བརྩོན་པའི་ཆོས་དབྱངས་གྲགས་པ་སྔ་ས་ནས་དབུལ་སྒྲོལ་ཐུབ་པ་མ་ཟད། ད་དུང་སྡོད་ཁང་གསར་པ་བསྐྲུན་པ་དང་འཛིན་ཆས་དང་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོས་ཡོད་པ་རེད།

    བསམ་བློར་འགྱུར་ལྡོག་ཕྱིན་པ་དང་བསྟུན་མང་ཚོགས་ཀྱི་ལས་བརྩོན་ཕྱུག་འགྱུར་གྱི་ངར་ཤུགས་རབ་ཏུ་འཕེལ་ཞིང་། ས་བབ་ཧ་ཅང་མཐོ་ཁུལ་གྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ཀྱི་སྐུལ་ཁྲིད་འོག་སྲིན་བུ་རི་གྲོང་ཚོའི་མང་ཚོགས་50ལྷག་ཙམ་མུའུ་སྟོང་གི་ཀུ་ཤུ་འདེབས་གསོའི་སྐྱེད་ཚལ་དུ་རང་ས་རང་ཡུལ་ནས་མི་འབྲལ་བར་ཐག་ཉེ་སར་ལས་ཞུགས་འབབ་འཕར་བྱུང་ཡོད་པ་རེད།

    “ཕྱི་རུ་གླ་པ་རྒྱུགས་པའི་གླ་ཆ་ཉེ་ཁུལ་དུ་ལས་ཀ་བྱེད་པ་ལས་མཐོ་བ་ཡོད་མོད། འོན་ཀྱང་འགྲོ་སོང་ཆེན་པོ་འདུག་ལ་ཁྱིམ་ལ་ལྟ་རྟོག་ཀྱང་ཐུབ་ཀྱི་མི་འདུག”ཅེས་སྲིན་བུ་རི་གྲོང་ཚོའི་ཚོགས་ཆུང་བཞི་པའི་མང་ཚོགས་དབང་མོས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“འདེབས་གསོ་ཁང་དུ་ཉིན་གཅིག་ལ་ཡོང་འབབ་སྒོར་280རག་གི་འདུག ཡོང་འབབ་མཐོ་པོ་ཡོད་པ་མ་ཟད། ད་དུང་སྔ་དགོང་གཉིས་ཀར་ནང་མིར་ལྟ་རྟོག་ཐུབ་ཀྱི་འདུག་པས་ཚང་མར་ཕན་པ་འདུག”ཅེས་བརྗོད།

    དེ་དང་ཆབས་ཅིག་སྲིན་བུ་རི་གྲོང་ཚོའི་མང་ཚོགས་དུད་ཚང་47ནས་དུད་ཚང་40ཡིས་མ་དངུལ་བསྡུ་རུབ་ཀྱིས་མ་རྐང་བཞག་ནས་སོ་ཕག་བཟོ་གྲྭ་བཙུགས་པ་མ་ཟད། ད་དུང་གྲོང་ཚོར་ཀོ་ཆས་བཟོ་གྲྭ་སོགས་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་གཉེར་ཡོད། གཞན་ཡང་། ད་དུང་ཡུལ་མི་36གིས་གྲངས་འབོར་ཉུང་བའི་དངུལ་བུན་གཡར་བ་སོགས་ལ་བརྟེན་ནས་ཟོག་འདྲེན་རླངས་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་ཉོས་ནས་སྐྱེལ་འདྲེན་རུ་ཁག་བཙུགས་ཡོད་པ་རེད།

    སྲིན་བུ་རི་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལྷག་པས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར། སྲིན་བུ་རི་གྲོང་ཚོར་ཡུལ་མི་247ཡོད་པར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་མཁན་དང་ཕྱིར་གླ་པ་རྒྱུག་མཁན་ཡུལ་མི་105ཡོད་པ་དང་། ཁྱིམ་ཚང་མང་ཆེ་བར་ཧ་ལམ་ཡོང་འབབ་ཡོང་ཁུངས་བརྟན་པོ་ཡོད་པས་ན་ནིང་གྲོང་ཚོ་དེའི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད།

    མི་སེར་ཕྱུག་པོ་ཆགས་ན་གྲོང་ཚོ་ཕྱུག་པོ་ཆགས་པ་དང་། གྲོང་ཚོ་དར་རྒྱས་བྱུང་ན་གཞི་ནས་རྒྱལ་ཁབ་དར་རྒྱས་ཡོང་ངེས་ཡིན་ཞིང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་བསྟུན་ནས་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་གྱུར་ཡོད་པས་སྲིན་བུ་རི་གྲོང་ཚོ་དང་འདྲ་བའི་ཡར་རྒྱས་གོང་འཕེལ་གྱི་གྲོང་ཚོ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།