འཚོ་བའི་གད་སྙིགས་ཚུར་བསྡུ་བེད་སྤྱོད་བྱ་ཤུགས་ཆེ་རུ་གཏོང་ཆེད་ཀོང་པོ་རྒྱ་མདའ་རྫོང་གིས་ལྗང་མདོག་གསོག་འཇོག་དངུལ་ཁང་གསར་གཏོད་དང་ཁྱབ་གདལ་བཏང་ནས་དམངས་ཡོངས་ལྗང་མདོག་འཕེལ་རྒྱས་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་ལྕག་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་གསར་པ་དར་སྤེལ་བཏང་ཡོད།
ལྗང་མདོག་གསོག་འཇོག་དངུལ་ཁང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད་ཀོང་པོ་རྒྱ་མདའ་རྫོང་གིས《ཀོང་པོ་རྒྱ་མདའ་རྫོང་གི་ལྗང་མདོག་གསོག་འཇོག་དངུལ་ཁང་ལག་བསྟར་ཇུས་གཞི》སོགས་གཉེར་སྐྱོང་གི་ལམ་སྲོལ་བཟོས་ཡོད།
འཚོ་བའི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དེ་བས་ལེགས་པའི་ངང་ཁྱབ་གདལ་གཏོང་ཆེད། རྫོང་དེས་མ་དངུལ་སྒོར་ཁྲི་50བཏང་ནས་རིག་ནུས་ཚུར་བསྡུའི་འཕྲུལ་ཆས་14དང་ཞིབ་བཟོའི་འཕྲུལ་ཆས་2ཉོས་པ་དང་། ཤང(གྲོང་རྡལ)ཁག་དང་། མཛེས་ལྗོངས་ཁུལ་དོ་དམ་སྡེ་ཚན། རྫོང་གྲོང་གི་སློབ་གྲྭ་འབྲིང་ཆུང་བཅས་ལ་འགོ་ཚུགས་མ་དངུལ་སྒོར་ཁྲི་12སྤྲད་པ་དང་དུས་མཚུངས་སྒོར་ཁྲི་35བཏང་ནས་ཟོག་རོ་ཚུར་བསྡུའི་ས་ཚིགས་བཙུགས་ནས་ལྗང་མདོག་གསོག་འཇོག་དངུལ་ཁང་གི་ལས་དོན་སྤེལ་རྒྱུར་མ་དངུལ་གྱི་འགན་ལེན་དང་འཕྲུལ་ཆས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།