འགག་གནད།
▶ 《ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱ་ཐབས》བཟོས་པ།
▶ རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་དང་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་པ།
▶ ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཇོ་མོ་གླང་མའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཚེས་28ཉིན་སྣོད་བཅུད་ཁོར་ཡུག་པུའི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཡིའུ་པིན་གྱིས་བོད་རང་སྐྱོང་ལྗོངས་ཀྱིས་ལྟེ་བའི་ཁུལ་དུ་ཡུལ་སྐོར་བྱ་རྒྱུ་ཁྲིམས་ལྟར་བཀག་འགོག་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་གི་གཏན་འབེབས་དང་མཐུན་པ་བྱ་རྒྱུ་ནི་ཇོ་མོ་གླང་མའི་སྣོད་བཅུད་སྲུང་སྐྱོང་གི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། དེར་ཁས་ལེན་དང་བསྔགས་བརྗོད་བྱེད་རིན་ཆེན་པོ་འདུག་ཅེས་བརྗོད་པ་རེད།
སྣོད་བཅུད་ཁོར་ཡུག་པུས་གོང་ཚེས་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལིའུ་ཡིའུ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྣོད་བཅུད་ཁོར་ཡུག་པུས་ཇོ་མོ་གླང་མའི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ས་གནས་དང་སྡེ་ཚན་དང་མཉམ་དུ་བྱེད་ཐབས་སྣ་མང་སྤྱད་ཡོད་པ་སྟེ།
—— 《ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱ་ཐབས》བཟོས་པ་དང་འབྲེལ་ལག་བསྟར་ནན་པོ་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག》སོགས་ལ་བཟོ་བཅོས་བརྒྱབ་པ་དང་།
—— རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་དང་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ས་བབ་མཐོ་ཚད་སྨི་5200མན་གྱི་ས་ཁོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་ཀྱི་མཐའ་འཁོར་གྱི་ཁོར་ཡུག་ལ་བཅོས་སྒྲིག་བྱས་པ་དང་། ཆེད་དོན་དཔུང་ཁག་བཙུགས་ནས་དུས་བཀག་ལྟར་གད་སྙིགས་གཙང་འཕྱགས་དང་བརྒྱུད་འདྲེན་བྱས་པ། རི་མཐོའི་ཁོར་ཡུག་སྲུང་སྐྱོང་རུ་ཁག་སྒྲིག་འཛུགས་བྱས་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ས་བབ་མཐོ་ཚད་སྨི་5200ཡན་གྱི་ས་ཁོངས་ཀྱི་གད་སྙིགས་ཆེད་དོན་གཙང་འཕྱགས་བྱས་པ།
—— ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱི་བྱང་སྒོ་ཆེ་མོ་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོ་བར་གྱི་ལམ་རྒྱུད་དུ་གད་གཞོང་བཙུགས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་དང་སྤོ་རུང་གསང་སྤྱོད་སོགས་བསྐྲུན་པ་དང་འབྲེལ་རི་འཛེག་རུ་ཁག་ལ་འཁྱེར་བདེའི་ཆབ་གཞོང་བཀོད་སྒྲིག་བྱས་པ་བཅས་རེད།
ཁོང་གིས་བརྗོད་དོན། མིག་སྔར་ཇོ་མོ་གླང་མའི་སྣོད་བཅུད་ཇེ་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱི་ཡུལ་སྐོར་གསར་སྤེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བའི་གྲངས་འབོར་ཡང་མུ་མཐུད་མང་དུ་ཕྱིན་ཡོད། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་ཡུལ་སྐོར་བྱེད་སྒོ་སྤེལ་བ་ནི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་དང་འགལ་བ་ཞིག་ཡིན་པ་མ་ཟད། དེས་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་ལ་སྣོད་བཅུད་ཁོར་ཡུག་གི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་བསྒྲགས་སྤེལ་ནས“དེ་རིང་ནས་བཟུང་ཚན་པ་དང་མི་སྒེར་གང་རུང་ཞིག་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རོང་ཕུ་དགོན་ཡན་གྱི་ལྟེ་བའི་ཁུལ་དུ་ཡུལ་སྐོར་ལ་བསྐྱོད་རྒྱུ་བཀག་འགོག་བྱེད་རྒྱུའི”ཁྱབ་བསྒྲགས་བྱས་པ་མ་ཟད། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་གྱི་ཡུལ་སྐོར་སྦྲ་གུར་སྒར་ས་ཆེ་མོ་དེ་S515ཞིང་ཆེན་རིམ་པའི་གཞུང་ལམ་རོང་ཕུ་དགོན་ཉེ་འགྲམ་གྱི་གཞུང་ལམ་གཡས་གཡོན་གཉིས་ཀྱི་སྨི་100ནང་ཚུན་གྱི་ཚོད་ལྟའི་ཁུལ་དུ་སྤོ་རྒྱུ་ཡིན་པ་རེད།
ལིའུ་ཡིའུ་པིན་གྱིས་ཡུལ་སྐོར་ལྟེ་གནས་ཀྱི་སྒར་ས་གསར་པ་དེ་སྔོན་ཆད་དང་བསྡུར་ན་གཤམ་འོག་ཏུ་སྤྱི་ལེ་2ལས་སྤོས་མེད་པས་ཡུལ་སྐོར་བ་ཇོ་མོ་གླང་མའི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་པར་ཤུགས་རྐྱེན་ཐེབས་ཀྱི་མེད་ཅེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དེ་1988ལོར་བཙུགས་པ་དང་། ཇོ་མོ་གླང་མའི་ཆེད་ལས་རི་འཛེག་བྱེད་སྒོ་སྲུང་སྐྱོང་ཁུལ་མ་བཙུགས་གོང་ནས་སྤེལ་གྱི་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག》གཞིར་བཟུང་། རི་འཛེག་བྱེད་སྒོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་སྟེ། གཅིག་ནས་རི་འཛེག་མི་གྲངས་ལ་དོ་དམ་ཚོད་འཛིན་དང་ཉུང་འཕྲི་བྱས་ནས་མིའི་རིགས་ཀྱི་བྱེད་སྒོས་གནོད་སྐྱོན་ཕོག་ཉུང་དུ་བཏང་བ་དང་། གཉིས་ནས་ལོ་ལྟར་རི་འཛེག་རྩ་འཛུགས་དང་། རི་འཛེག་པ། ས་གནས་དེ་གའི་མང་ཚོགས་བཅས་ལ་ཁོར་ཡུག་སྲུང་སྐྱོང་གི་གསོ་སྦྱོང་བྱས་པ། གསུམ་ནས་རི་འཛེག་ཁོར་ཡུག་སྲུང་སྐྱོང་གི་གཏའ་མ་བསྡུ་ལེན་ལམ་ལུགས་བཙུགས་ཏེ་རི་འཛེག་པ་མི་རེ་ངོ་རེས་ངེས་པར་དུ་གད་སྙིགས་སྤྱི་རྒྱ་བརྒྱད་འཁྱེར་ནས་རི་ལས་འབབ་དགོས་པའི་བླང་བྱ་བཏོན་པ། བཞི་ནས་རི་འཛེག་ལམ་རྒྱུད་མཐའ་འཁོར་གྱི་གད་སྙིགས་མུ་མཐུད་གཙང་འཕྱགས་བྱས་ཏེ་ལོ་རྒྱུས་ཐོག་གི་གད་སྙིགས་ལྷག་འཕྲོ་ལུས་པའི་གནད་དོན་རིམ་བཞིན་ཐག་གཅོད་བྱས་པ་བཅས་རེད།
ཁོང་གིས་སྣོད་བཅུད་ཁོར་ཡུག་པུས་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབས་ནས། ཇོ་མོ་གླང་མའི་རི་འཛེག་གི་གད་སྙིགས་གཙང་འཕྱགས་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་དང་རི་འཛེག་བྱེད་སྒོ་སྤེལ་རིང་སྣོད་བཅུད་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་དག་ཐེར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ཇོ་མོ་གླང་མའི་རྩ་ཆེའི་རང་བྱུང་ཤུལ་བཞག་དེར་སྲུང་སྐྱོང་ཡག་པོ་ཐུབ་རྒྱུར་ལྟ་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།