![591176_yis_1548843341708.jpg 591176_yis_1548843341708.jpg](https://tb.xzxw.com/pic/2019-02/22/W020190222385027559113.jpg)
འདི་ནི་ཀོང་པོ་རྒྱ་མདའ་རྫོང་གི་ནགས་སྲུང་བ་ཚོས་སྤྱི་ཕན་གླིང་ཁ་བརྒྱུད་དེ་ནགས་ཚལ་ལ་སྐོར་ཞིབ་བྱེད་བཞིན་པ།
ཀོ་པོ་རྒྱ་མདའ་རྫོང་དུ་ནགས་ལས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ལོ་40ཡི་གོང་། རྫོང་དེའི་དཔལ་འབྱོར་ཞན་པ་དང“རི་ཁའི་ལྟོ་རྟེན་རི་དང་། ནགས་ཚལ་གྱི་ལྟོ་རྟེན་ནགས་ཚལ”གྱི་བསམ་བློ་རྙིང་པའི་བཀག་རྒྱའི་འོག་ནགས་ལས་འདི་ཉིད་ཀོང་པོ་རྒྱ་མདའ་རྫོང་གི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་ལ་གྱུར་ནས་ཆེས་གདོད་མ་དང་རྗེས་ལུས་ཀྱི་ཐོན་སྐྱེད་དང་ལས་སྣོན་བྱེད་ཐབས་ལ་བརྟེན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།
བསམ་བློའི་ལྟ་བར་འགྱུར་ལྡོག་བཏང་བ། ཐེན་པའོ་ལས་གྲྭ་ལག་བསྟར་བྱས་པ་ལས་ཀོང་པོ་རྒྱ་མདའ་རྫོང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འགོ་གསར་པ་འཛུགས་ཐུབ་པར་བརྟེན་ཀོང་པོ་རྒྱ་མདའ་རྫོང་གིས་ཤིང་ཆ་ཐོན་སྐྱེད་བྱེད་སྟངས་རྙིང་པ་མེད་པར་བཟོས་ནས་སྣོད་བཅུད་ཤེས་དཔལ་གྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་མངོན་ཡོད། ནགས་ཁུལ་དུ“རི་ཁའི་ལྟོ་རྟེན་རི་དང་། ནགས་ཚལ་གྱི་ལྟོ་རྟེན་ནགས་ཚལ”ཡིན་པའི་ཤིང་ཆ་གཅོད་འབྲེག་གི་ལོ་རྒྱུས་མཇུག་འགྲིལ་བ་དང་ནགས་ལས་པས་ཤིང་གཅོད་ལག་ཆ་སྤྱོད་མཚམས་བཞག་ཡོད་ལ་ཁོང་ཚོ“ཤིང་གཅོད་མཁན”ཞིག་ནས“ཤིང་སྲུང་མཁན”ཞིག་ཏུ་གྱུར་ཏེ་ཤིང་ཆ་ཐོན་སྐྱེད་བྱ་རྒྱུ་དེ་སྣོད་བཅུད་འཛུགས་སྐྱོང་གཙོ་བོར་ཕྱོགས་པའི་བར་འགྱུར་ལྡོག་བྱུང་ཡོད།
སྲིད་ཇུས་དང་ཁྲིམས་སྲོལ་ལེགས་སྒྲིག་བྱས་ཤིང་། 2007ལོར་ཀོང་པོ་རྒྱ་མདའ་རྫོང་གིས་ཤིང་གཅོད་མི་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ《ཀོང་པོ་རྒྱ་མདའ་རྫོང་གི་གཙོ་གནད་སྤྱི་ཕན་གླིང་གི་དོ་དམ་སྲུང་སྐྱོང་ལག་བསྟར་བྱ་ཐབས》བཏོན་པ་དང་ནགས་ཚལ་ལ་དགའ་ཞེན་དང་ནགས་ཚལ་སྲུང་བ་དང་སྣོད་བཅུད་འཛུགས་སྐྲུན་ལ་ཞུགས་པའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཡོད།
ཐོན་ལས་གྲུབ་ཆར་འགྱུར་ལྡོག་བཏང་ཞིང་། 1978ལོའི་གོང་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་ཀོང་པོ་རྒྱ་མདའ་རྫོང་གི་ཞིང་འབྲོག་མང་ཚོགས་ངོས་ནས་བརྗོད་ན་ལས་དོན་གསར་པ་ཞིག་ཡིན་པ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བོད་ཀྱི་ཡུལ་སྐོར་ཁོར་ཡུག་ཆེ་མོའི་རྒྱབ་སྐྱོར་འོག་ཀོང་པོ་རྒྱ་མདའ་རྫོང་གིས་དམིགས་བསལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་སྣོད་བཅུད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ནགས་ཚལ་སྣོད་བཅུད་ཡུལ་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་བཏང་སྟེ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་ཇེ་མཐོར་སོང་བ་དང་ཡུལ་སྐོར་ཐོན་ལས་དེ་ནགས་ཁུལ་དཔལ་འབྱོར་ཕྱོགས་བསྒྱུར་དང་དམངས་ཕྱུག་ནགས་དར་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་སུ་གྱུར་ནས། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་རྫོང་དེའི་ནགས་ཁུལ་གྱིས་རིམ་རྩིས་ལྟར་ན། ཡུལ་སྐོར་བ་མི་ཐེངས་235414ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་33%འཕར་བ་དང་། སྒོ་འཛིན་ཡོང་འབབ་སྒོར་23671760བྱུང་བ་དེ་དུས་མཚུངས་ལས་37%འཕར་ནས་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་ཡོད། མིག་སྔར་རྒྱལ་ཁབ་ཀྱི་ནགས་ཚལ་ཡུལ་སྐོར་ཉམས་ལེན་རྟེན་གཞིར་ཡིག་ཐོག་སྙན་ཞུ་ཕུལ་བཞིན་ཡོད།
ནགས་ཚལ་གཉེར་སྐྱོང་དང་ནགས་གསོ་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2013ལོའི《བོད་རང་སྐྱོང་ལྗོངས་ཀོང་པོ་རྒྱ་མདའ་རྫོང་གི་ནགས་ཚལ་ཐོན་ཁུངས་འཆར་འགོད་ཇུས་འགོད་བརྟག་དཔྱད་སྙན་ཞུ》ལས་མངོན་གསལ། ཐེན་པའོ་ལས་གྲྭ་ལག་བསྟར་བྱས་ཚུན། 2013ལོ་བར་རྫོང་ཡོངས་སུ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་430596ཡོད་པ་དང་ནགས་ཚལ་ཁྱབ་ཚད་31.97%བཟུང་ཡོད། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་38551940ཟིན་པ་དེ་2007ལོ་ལས་སྤྱི་ཆིང་60971གཙང་འཕར་བྱུང་བ་དང་། ནགས་ཚལ་ཁྱབ་ཚད་31.97%ཟིན་ནས་བརྒྱ་ཆའི་གྲངས་5གཙང་འཕར་བྱུང་བ། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་303.9ཟིན་ཡོད་པ་རེད། 2017ལོའི་ལོ་མཇུག་ཏུ་རྫོང་དེ་ཡོངས་ཀྱི་རྨོ་བསྐྱུར་ནགས་གསོ་བྱས་ནས་རྨོ་ཞིང་ནགས་གསོ་སྤྱི་ཆིང་500བྱས་པ་དང་། རྨོ་བསྐྱུར་ནགས་གསོ་བྱས་ནས་རི་རྒོད་ནགས་གསོ་སྤྱི་ཆིང་167བྱས་པ། ས་ཁོངས་གཙོ་བོར་ནགས་གསོ་སྤྱི་ཆིང་840བྱས་པ་དང་ས་མཐོའི་སྣོད་བཅུད་འགོག་སྲུང་གི་ནགས་ཚལ་སྤྱི་ཆིང་500ཟིན་པ། རང་བྱུང་སྲུང་སྐྱོང་ཁུལ་དུ་ནགས་གསོ་སྤྱི་ཆིང་1739བྱས་པ། ལས་གྲྭ་མ་ཡིན་པའི་ནགས་གསོ་སྤྱི་ཆིང་442ཟིན་ཡོད་པ་རེད། ཆ་སྙོམས་ས་བབ་མཐོ་ཚད་སྨི་3600གྱི་ས་མཐོའི་ཁུལ་དུ་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ཀོང་པོ་རྒྱ་མདའ་རྫོང་ནགས་ལས་གཙོ་གཉེར་སྡེ་ཚན་གྱིས་སྣོད་བཅུད་འཛུགས་སྐྱོང་དང་སྲུང་སྐྱོང་དོན་གཉེར་བྱས་པ་ལས་བྱུང་བ་ཞིག་རེད།