2018ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ནགས་ཚལ་མེ་ཟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་མེ་ཟོན་ལས་དོན་ཚོགས་འདུ་ཐེངས་མང་འཚོགས་པ་དང་། རིམ་པ་བཞིན་ནགས་ཚལ་མེ་ཟོན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་སྟེ་ནགས་ཚལ་མེ་ཟོན་ལས་ཀའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་བཏང་བ་མ་ཟད། རྫོང(ཆུས)ཁག་ལ་མེ་ཟོན་གྱི་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ་དང་། མེ་ཟོན་གྱི་འཕྲལ་སྡོམ་ནང་སྦྱོང་བྱེད་དུ་འཇུག་དགོས་པའི་སྐུལ་ལྕག་བྱས་ཡོད། ད་བར་གྲོང་ཁྱེར་ཡོངས་སུ་ནགས་ཚལ་གྱི་མེ་སྐྱོན་གཅིག་ཀྱང་ཐོན་མེད་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་བཟུང་གྲོང་ཁྱེར་ཡོངས་སུ་མི་མངོན་པའི་རྐྱེན་ངན་ཐེངས་170ལྷག་ཙམ་གྲལ་བཤེར་བྱས་པ་དང་། ལས་དོན་ཚོགས་ཆུང་ཁག་ཐེངས་85དང་མི་ཐེངས་260ལྷག་ཙམ་མངགས་གཏོང་བྱས་པ། དྲིལ་བསྒྲགས་རླངས་འཁོར་170ལྷག་ཙམ་བཏང་བ། དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་340ལྷག་ཙམ་བཀལ་བ། སྦྱར་ཡིག་1600ལྷག་ཙམ་སྦྱར་བ། དྲིལ་བསྒྲགས་ཤོག་ལྷེ་2600ལྷག་ཙམ་སྤྲད་པ། མང་ཚོགས་ཀྱི་ཚོགས་ཆེན་80ལྷག་ཙམ་འཚོགས་པ། སློབ་གསོ་ཐེབས་པའི་ལས་བྱེད་མང་ཚོགས་མི་ཐེངས་ཁྲི་10ལྷག་ཙམ་ཟིན་ཡོད་པ་རེད།