དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཇོ་མོ་གླང་མའི་རི་དབྲག་ཏུ་ཆགས་པའི་ཡིད་འོང་འདྲེན་ཐང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏེང་ཅན་ཧྲེང་དང་ཆུང་བདག་སྒྲོལ་དཀར་གྱིས།   |     སྤེལ་དུས།  2018-12-11

    ས་བཀྲར་བལྟས་ཚེ་ཧི་མ་ལ་ཡའི་རི་རྒྱུད་ལྷོ་འདབས་ཀྱི་ལུང་ཤུར་ཆེ་གྲས་ལྔའི་གྲས་ཤིག་ཡིན་པའི་འདྲེན་ཐང་ལུང་ཤུར་ནི་གཡུ་འབྲུག་འཁྱིལ་ནས་ཉལ་བ་བཞིན་ཇོ་མོ་གླང་མའི་པང་དུ་གནས་ཡོད། ལོ་ཧྲིལ་པོར་སྤྲིན་སྨུག་གིས་འཁྲིགས་པའི་བོད་ལྗོངས་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་འདི་ཉིད་རི་སྐེད་དུ་ཆགས་ཡོད།

    འདྲེན་ཐང་གྲོང་རྡལ་ནས་གཏིང་སྐྱེས་རྫོང་གྲོང་བར་སྤྱི་ལེ་150ཡོད་ཅིང་། 2017ལོའི་ལོ་འགོར་ས་གནས་སྲིད་གཞུང་གིས་རི་གཤག་ལམ་སྐྲུན་གཞི་ཁྱོན་ཆེན་པོ་བྱས་ཡོད། འདི་ལོའི་ཟླ་བཅུ་པར་ང་ཚོ་འདྲེན་ཐང་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་འདྲེན་ཐང་གྲོང་རྡལ་དང་འབྲེལ་བའི་ཞིང་ཆེན་ལམ་514ཡི་ལམ་གཞི་འདིང་བའི་ཛ་དྲག་གི་དུས་སུ་སླེབས་འདུག

    རྡོག་ཐོན་མ་བྱས་གོང་། ས་གནས་དེ་གའི་གྲོགས་པོས་འདྲེན་ཐང་དུ་བསྐྱོད་པ་དེ་ནི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མྱོང་རོལ་དང་རིག་གནས་ཀྱི་རྨང་གཞི་ཤེས་རྟོགས་ཐུབ་པ་ཕུད། ལམ་བར་གྱི་དཀའ་ཚེགས་དེའང་ཐུན་མོང་མ་ཡིན་པའི་མྱོང་བ་ཞིག་རེད་ཅེས་དྲན་སྐུལ་བྱས་བྱུང་།

    ངོ་མ་འདྲེན་ཐང་དུ་སྐྱོད་སྐབས་ལམ་ཐག་རིང་ཞིང་རི་མཐོ་ལ་གཡང་གཟར་བ་ཞིག་འདུག ཐོ་རེངས་ཀྱི་ཆུ་ཚོད་གསུམ་པ་ཙམ་ལ་ང་ཚོ་གཏིང་སྐྱེས་རྫོང་གྲོང་ནས་རྡོག་ཐོན་བྱེད་སྐབས་ནམ་མཁའི་མཐོངས་སུ་ཟླ་བཀྲག་ཡོད་ཀྱང་མུན་པ་ནག་ཅིང་སྨུག་པས་འཁྲིགས་ནས་བྱེས་བགྲོད་རླངས་འཁོར་གྱིས་ས་བབ་སྨི་5600ལྷག་ཙམ་ཟིན་པའི་གངས་རི་བརྒལ། ལམ་བར་དུ་མཉམ་དུ་འགྲོ་མཁན་ཞིག་ལ་ལ་དུག་ཆེན་པོ་བརྒྱབ་ནས་རླངས་འཁོར་ནས་བབས་ཏེ་སྐྱུག་པ་སྐྱུག་པར་འགྲོ་སྐབས་ང་ཚོའི་གཡས་ངོས་ནི་གཡང་གཟར་འོབས་དོང་དང་གཡོན་ངོས་གངས་ཀྱིས་ཁེངས་པའི་རི་ལམ་གཡང་གཟར་ཡིན་པ་གཞི་ནས་ཤེས་བྱུང་། ལམ་དུ་སྐྱོད་རིང་བྲག་རྡོའི་གྲིབ་གཟུགས་ནག་ལ་སྐབས་རེ་རྦབ་ཆུ་འབབ་པའི་སྒྲ་སྙན་ཞིང་འཇེབས་པ་ཞིག་འདུག

    སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་གཙང་པོའི་ཆུ་བྲག་ལ་རྡེབ་པའི་སྒྲ་ཆེན་པོ་ཞིག་གློ་བུར་དུ་ཐོས་སྐབས་དེ་དུས་ས་བབ་མཐོ་ཚད་སྨི་2040ལ་སླེབས་པ་ཤེས། “སླེབས་གྲབས་འདུག”ཅེས་ཁ་ལོ་བས་ང་ཚོར་དྲན་སྐུལ་བྱས་བྱུང་། ད་ནི་བུམ་ཆུ་དང་སྐར་མ་གཙང་པོ་སྦྲེལ་མཚམས་ཀྱི་རི་ཉིལ་ས་དེ་ཡིན། རི་ཉིལ་ས་དེ་བརྒྱུད་ཚར་རྗེས་འདྲེན་བྱེད་ཡུལ་དུ་འཆར་བ་ནི《དག་ཞིང་གི་ཟིན་ཐོའི》ནང་བྲིས་པ་བཞིན་བློ་སྒོ་ཧར་གྱིས་ཕྱེ་བ་བཞིན་བྱུང་བ་སྟེ། ང་ཚོ་གདོད་མའི་ནགས་ཚལ་སྟུག་པོ་ཞིག་ཏུ་སླེབས་ནས་དེའི་ལྗོན་ཤིང་རིའི་རྩ་བ་ནས་རི་རྩེ་བར་སྟུག་པོར་སྐྱེས་པ་དང་ན་བུན་གྱིས་རི་རྩེ་འཁྲིགས་ནས་ཡོད། མཚོ་བོད་ས་མཐོའི་མཐོ་གྲང་ལ་གོམས་པའི་རྐྱེན་གྱིས་སྔོ་ཐིང་ཐིང་དེ་དག་མཐོང་སྐབས་ང་ཚོ་ཡིད་ཆེས་དཀའ་བར་གྱུར།

    “འདྲེན་ཐང་འདི་ཉིད་ཇོ་མོ་གླང་མའི་ཤར་ལྷོའི་ཚ་བའི་རི་ཁུལ་གྱི་དུས་རླུང་ལྡང་བའི་གདོད་མའི་ནགས་གསེབ་ཏུ་ཆགས་ཡོད། དེ་གར་ནགས་ཚལ་ཁེབས་ཚད་98%ཟིན་པ་དང་དེ་གའི་ས་བབ་མཐོ་ཤོས་སྨི་5600ནས་ས་བབ་དམའ་ཤོས་སྨི་2000བར་ཡིན་པས་སྔོ་ཁེབས་ཀྱི་གནས་སྟངས་མངོན་གསལ་དོད་པོ་ཡོད། ཧིན་རྡུ་རྒྱ་མཚོའི་དྲོད་རླུང་ལོ་ལྟར་འདྲེན་ཐང་ལུང་ཤུར་གྱི་བྱང་རྒྱུད་དུ་ལྡང་བས་འདྲེན་ཐང་གྲོང་རྡལ་འདི་ཉིད་དུས་བཞི་སྨུག་པས་འཁྲིགས་པ་དང་གང་སར་རྦབ་ཆུ་འབབ་པ་མཐོང་རྒྱུ་ཡོད”ཅེས་དཔེ་དེབ་ནང་ངོ་སྤྲོད་བྱས་ཡོད། རང་ངོ་མ་འདི་གར་སླེབས་ཚེ་གཞི་ནས་རང་བྱུང་ཁམས་ཆེ་མོའི་གཟི་བྱིན་ཚོར་ཐུབ།

    འདྲེན་ཐང་གི་སྡོད་ཁང་ཕལ་ཆེ་བ་རི་ལྡེབས་སུ་ཆགས་ལ་ཐོག་ཁང་དམར་པོ་ཡིན་པ་དང་རྡོ་ཡིས་གྱང་བརྩིགས་ཡོད། པང་གཅལ་ནི་ས་གནས་ཀྱི་ཤིང་རྒྱུ་ཡིན་པ་དང་དེའི་སྟེང་འགྲོ་སྐབས་སྒྲ་སྙན་པོ་ཞིག་ཐོས་རྒྱུ་འདུག ལུང་ཤུར་ནས་མཐོ་ཚད་སྨི་བརྒྱ་གྲངས་ཟིན་པའི་རི་སྐེད་བར་སྡོད་ཁང་མང་པོ་ཞིག་སྨུག་པའི་ཁྲོད་གསལ་ལ་མི་གསལ་དུ་གནས་ཤིང་། ཐག་རིང་ནས་ལྟ་བའི་ཚེ་པིར་གྱིས་བྲིས་པའི་ཆུ་ཚོན་རི་མོ་བཞིན་དུ་སྣང་།

    འདྲེན་ཐང་གྲོང་རྡལ་ལ་མི་འབོར་2000ལས་མེད་པ་ནི་རང་རྒྱལ་གྱི་ཤར་པ་བའི་འདུས་སྡོད་ཁུལ་གཙོ་བོ་དེ་ཡིན་པ་དང་རི་ཉག་ཁག་ལྔ་ནས་ནེ་པ་ལར་ཐད་ཀར་འབྱོར་གྱི་ཡོད། ཤར་པ་བ་ནི་བོད་རིགས་ཀྱི་ཡན་ལག་ཡིན་པ་དང་ཤོད་རྒྱུན་དུ་མེས་པོ་ནི་སུང་རྒྱལ་རབས་བྱང་མའི་དུས་ཀྱི་སྨུག་པོ་ལྡོང་གི་རྒྱལ་རབས་ཀྱི་སྐུ་དྲག་ཡིན་ཟེར་སྲོལ་ཡོད། མི་ཉག་རྒྱལ་རབས་ནུབ་རྗེས་ཁོང་ཚོའི་རྒྱུད་པ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འདྲེན་ཐང་ལུང་ཤུར་དུ་ཡོང་ནས་དེ་གར་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ཤིག་གྲུབ་ཡོད། རྒྱན་སྤྲོས་རྒྱུར་དགའ་བའི་བུད་མེད་ཚོས་རི་བྱའི་སྒྲོའམ་ཡང་ན་མེ་ཏོག་ཞྭ་མོར་བསྐོན་སྲོལ་ཡོད་པས་ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་ཡོད།

    བསམ་ཡུལ་ལས་འདས་པ་ནི་དེ་གའི་མོན་ཆག་ཨ་རག་ཡིན། ཨ་རག་དེ་རིགས་སྙོལ་ཐབས་སམ་ཡང་ན་བཏུང་ཐབས་ཚང་མ་ཁྱད་མཚར་བ་ཞིག་ཡོད། གཡང་གཟར་རི་ལྡེབས་སུ་བྱའི་རྐང་པ་དང་འདྲ་བའི་འབྲུ་རིགས་ཤིག་ཡོད་པར་དེ་གའི་མིས་མོན་ཆག་ཅེས་ཟེར་བ་དང་། དེ་ནི་འདྲེན་ཐང་དང་དེ་བཞིན་ནེ་པ་ལའི་ས་མཚམས་སུ་ཐུན་མིན་གྱི་འབྲུ་རིགས་ལོ་ཏོག་ཅིག་ཡིན་པས་ཕྱེ་མར་བཏགས་རྗེས་བཙོས་ནས་ཟ་ཆོག ད་ཆ་མོན་ཆག་དེས་གཙོ་བོ་ཨ་རག་བསྙལ་གྱི་ཡོད། ཤར་པ་བས་ཤུན་པ་ཡོད་པའི་མོན་ཆག་རྫ་ཁོག་ནང་བསྙལ་བ་དང་འཐུང་བའི་སྐབས་རྫ་ཁོག་ནས་སྨྱུག་སྣོད་ནང་བཏོན་གྱི་ཡོད། སྦང་གླུམ་བྱུར་པོར་བླུགས་པའི་སྨྱུག་སྣོད་ནང་ཆུ་འཁོལ་ཕྲན་བུ་བླུགས་རྗེས་སྨྱུག་སྦུག་ཅིག་བརྒྱུས་ཏེ་མོན་ཆག་ཨ་རག་འཐུང་ཆོག་གི་ཡོད།

    མཚན་མོ་འཆར་རིམ་བཞིན་གྲོང་ཚོའི་ནང་གི་གཉེན་ཉེ་དང་གྲོགས་པོ་མཉམ་དུ་འཛོམས་ནས་མི་རེས་སྨྱུག་མདོང་རེ་བཟུང་སྟེ་འཐུང་ཤོར་ཆུ་འཁོལ་གསབ་སྟེ་གླུ་ལེན་གར་འཁྲབ་ངང་མཚན་དཀྱིལ་བར་སྡོད་ཀྱི་ཡོད། མགྲོན་འབོད་ལ་དགའ་བའི་སྦྱིན་བདག་ཚོས་དེ་ཉིན་གསར་འགོད་པར་ཨ་རག་བཀྱག་ནས་ཁ་གང་དོ་བཏུང་རྗེས་འཁྱུག་ཙམ་ཞིག་ལ་དུས་ཚོད་ཕྱི་པོ་ཆགས་པ་དང་སྤྲོ་སེམས་འཁོལ་བའི་ཤར་པ་བའི་ཞབས་བྲོར་ལྟ་ཞོར་ར་བཟི་འདུག

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།