དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀ་གནམ་གྲོང་ཚོ། སྣོད་བཅུད་བཟང་ལ་མཛེས་ལྗོངས་ཡིད་དུ་འོང་། ཕྱོགས་བཅུའི་སྐྱེ་རྒུ་ཡུལ་འདིར་མགྲོན་དུ་འབོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-07

    573281_yis_1543899540048.jpg

    ཀ་གནམ་གྲོང་ཚོ་ནི་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་བཟང་བའི་གྲོང་ཚོ་ཞིག་ཡིན་ལ། དབྱིན་ཇིའི་པའེ་ཧྲེང་ཡུལ་སྐོར་ཚོགས་པས་བདམས་པའི“འཛམ་གླིང་གི་དབེན་གནས་གྲོང་རྡལ་ཆུང་ངུ་བཅུའི”གྲས་ཤིག་ཀྱང་རེད། ཀ་གནམ་གྲོང་ཚོ་སྤོ་བོ་རྫོང་གི་ཁོངས་སུ་གནས་པ་དང་རྒྱལ་ལམ་318ལམ་རྒྱུད་དུ་ཆགས་ཤིང་། དེར་མཛེས་སྡུག་ལྡན་པའི་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་སྟེ་ཀ་གནམ་མཚེའུ་ཡོད། མཚེའུའི་ཉེ་འགྲམ་དུ་ཀ་གནམ་རྒྱལ་རབས་ཀྱི་རྗེས་ཤུལ་གྲགས་ཅན་དང་འཛམ་གླིང་གི་ཁམ་བུའི་མེ་ཏོག་བཞད་པའི་རོང་ཆེན་ཆེ་ཤོས་ཏེ་སྤོ་བོའི་ཡུལ་གྱི་ཁམ་བུའི་མེ་ཏོག་བཞད་པའི་ལུང་མདོའང་ཆགས་ཡོད། ལོ་ལྟར་དཔྱིད་ཀ་མེ་ཏོག་བཞད་པའི་དུས་སུ་མུ་ཁྱུད་འབྲེལ་བའི་ཐག་རིང་གི་གངས་རི་དང་། གང་སར་བཞད་པའི་ཁམ་བུའི་མེ་ཏོག གཡུ་ལྟར་སྔོ་བའི་ནས་ཞིང་། མཛེས་ཤིང་ལྟ་ན་སྡུག་པའི་བོད་བཟོའི་སྡོད་ཁང་བཅས་ཀྱིས་སྐྱེ་བོ་རྣམས་ལ་མིག་གི་ལོངས་སྤྱོད་ཆེན་པོ་ཞིག་སྦྱིན།

    “སྣོད་བཅུད་བཟང་བའི་ཁོར་ཡུག་དང་། ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས། དུས་ཡུན་རིང་བའི་ལོ་རྒྱུས་རིག་གནས། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་བཅས་ཀྱིས་ཀ་གནམ་གྲོང་ཚོར་སྣོད་བཅུད་ཡུལ་སྐོར་གྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་བཏོད་ཡོད”ཅེས་ཀ་གནམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཀྲའོ་མིང་ཅུན་གྱིས་ངོ་སྤྲོད་བྱས། ཁོང་གིས་སྤོ་བོ་རྫོང་གིས“ལྟེ་བ་གཅིག(རྒྱལ་ལམ་318)དང་། ལམ་ཐིག་གསུམ(ཁམ་བུའི་མེ་ཏོག་རོང་དང་། རྡོ་རྗེ་རོང་། ཡིད་འོང་རོང)གྱི་ཡུལ་སྐོར་གྱི་བཀོད་པ་གཏོད་པ་དང“བཙན་པོའི་འཁྲུངས་ཡུལ་དང་། འཁྱག་རོམ་གྱི་འབྱུང་གནས། ཁམ་བུའི་མེ་ཏོག་གི་འཇིག་རྟེན། དབེན་གནས་ཀྱི་སྤོ་བོ”བཅས་ཀྱི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་གཏོད་རིང་། ཀ་གནམ་གྲོང་ཚོ་དེ་ཉིད་འདེགས་སྐྱོར་བྱ་གཞི་གལ་ཆེན་དང་རྒྱལ་ཁབ་ཀྱི་A3རིམ་པའི་མཛེས་ལྗོངས་ཁུལ་ལ་བརྩིས་ནས་འཆར་འགོད་འཛུགས་སྐྲུན་བྱས་པ་མ་ཟད། ཀུང་སིས་མ་དངུལ་བཏང་བ་དང་གྲོང་མིས་ངལ་ནུས་བཏོན་ཏེ“ཀ་གནམ་སྡེ་པའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང”ཡང་བསྐྲུན་ཡོད།

    ཡུལ་སྐོར་ཁྲོམ་ར་སྔར་བས་རྒྱ་ཆེ་རུ་དང་ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་ཆེད། རྒྱལ་ཁབ་ཀྱི་A3རིམ་པའི་ཀ་གནམ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་མ་འཇོག་བྱེད་མཁན་གྱི་བོད་ལྗོངས་ཡུལ་སྐོར་ཀུང་སི་ཞིག་གིས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་ཀ་གནམ་གྲོང་ཚོར་བསྐྱོད་སའི་གཞུང་ལམ་རྒྱས་སྐྲུན་དང་གདོད་མའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་པའི་རྨང་གཞིའི་ཐོག ཀ་གནམ་གྲོང་ཚོའི་ཡུལ་སྐོར་སྤུས་རྟགས་དང་སྐད་གྲགས་ཆོད་ཚད་མཐོ་རུ་ཧུར་ཐག་བཏང་བས་ཕྱོགས་བཞིའི་ཡུལ་སྐོར་བ་མང་པོ་ཞིག་དེ་གར་གཅིག་རྗེས་གཉིས་མཐུད་ངང་སླེབས་ཡོད།

    ཡུལ་སྐོར་བ་མང་དུ་སོང་བ་དང་ཆབས་ཅིག གྲོང་མིར་ཡང་ཚོང་ལམ་རྙེད་དེ་ཁོང་ཚོས་ཞིང་ལས་བྱེད་པ་དང་སྦྲགས། ཁྱད་ལྡན་ཐོན་ཟོག་དང་བཟོ་རྩལ་ཐོན་ཟོག་གྲོང་ཚོའི་ནང་བཙོངས་བ་དང་ཆབས་ཅིག ཁྱིམ་ཚང་མགྲོན་ཁང་ཡང་གཉེར་ནས་ཐག་རིང་གི་སྐུ་མགྲོན་ལ་སེམས་རྩ་འཁོལ་བའི་ཞབས་ཞུ་བྱེད་ཀྱི་ཡོད།

    སྒྲོལ་མ་ནི་དེའི་གྲས་ཤིག་ཡིན་པ་དང་། ཀ་གནམ་གྲོང་ཚོ་ནས་ཡིན་པའི་སྒྲོལ་མའི་ཁྱིམ་ཀ་གནམ་མཚེའུ་ཡི་འགྲམ་དུ་གནས་ཡོད། ལོ་ཤས་གོང་། ཁོང་གི་བཟའ་ཟླ་གཟུགས་པོ་ཐང་པོ་མེད་པ་དང་ཕྲུ་གུ་གཉིས་སློབ་གྲྭར་སྐྱོད་དགོས་པའི་ཁར་དཔལ་འབྱོར་གྱི་དཀའ་ངལ་ཧ་ཅང་ཆེ་བའི་སྐབས། སྒྲོལ་མས་ཀ་གནམ་གྲོང་ཚོར་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་མཐོང་ནས་རང་ཁྱིམ་གྱི་སྡོད་ཁང་བེད་སྤྱད་ནས་ཁྱིམ་ཚང་མགྲོན་ཁང་གཉེར་ཞིང་། ཁྱིམ་ཚང་མགྲོན་ཁང་ལས་གཉེར་བྱེད་པའི་ཐོག་མའི་དུས་སུ་ཆ་རྐྱེན་ཞན་པ་དང་སྣེ་ལེན་གྱི་འཇོན་ཐང་དེ་ཙམ་མེད་པས་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཡང་དེ་ཙམ་ཡག་པོ་མེད།

    བོད་ལྗོངས་ཡུལ་སྐོར་ཀུང་སི་ཞིག་གིས་སྒྲོལ་མའི་དཀའ་ངལ་ཤེས་རྗེས། མ་དངུལ་སྒོར་ཁྲི་10ཙམ་བཏང་ནས་ཁོང་གི་ཁྱིམ་ཚང་མགྲོན་ཁང་མཛེས་བཟོ་བྱས་ཏེ་མགྲོན་ཁང་གི་མཁྲེགས་ཆས་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ནུས་ཆེ་རུ་བཏང་བ་རེད།

    སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཀྱི་སྒྲོལ་མའི་ཁྱིམ་ཚང་མགྲོན་ཁང་གི་རྣམ་པ་གསར་རྐྱང་དུ་གྱུར་ནས་བསྐྱར་དུ་ལས་གཉེར་བྱེད་འགོ་ཚུཌ། སྒྲོལ་མས་ད་ཆ་ཁོ་མོའི་ཁྱིམ་ཚང་མགྲོན་ཁང་ལ་ཉལ་ཁྲི་12ཡོད། ཡུལ་སྐོར་བ་ཞག་སྡོད་མ་བྱས་ཚེ་མི་རེར་ཉིན་རེར་སྒོར་70དང་ཞག་སྡོད་བྱས་ཚེ་སྒོར་30འཕར་མ་སྤྲད་ན་ཟ་སྡོད་འགན་ལེན་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་དགའ་སྤྲོའི་ངང་བཤད། ཡུལ་སྐོར་བ་མང་བའི་སྐབས། སྒྲོལ་མའི་ཁྱིམ་ཚང་མགྲོན་ཁང་ལ་འཛད་སྤྱོད་བྱེད་མཁན་ཡུལ་སྐོར་བ་མང་པོ་ཡོད་པ་དང་ཁམ་བུའི་མེ་ཏོག་གི་དུས་ཆེན་ཁོ་ནར་སྒྲོལ་མའི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་2དང་སྐབས་རེ་སྒོར་ཁྲི་3ལྷག་ཙམ་ཟིན་ཏེ་ཡུལ་སྐོར་གྱི་གནད་སྨིན་དབུལ་སྐྱོར་ལ་བརྟེན་ནས་སྒྲོལ་མའི་ཁྱིམ་ཚང་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་པ་བྱུང་ཡོད།

    ཀ་གནམ་གྲོང་ཚོས་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཁོར་ཡུག་དང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་གཉེར་ཏེ་ཡུལ་སྐོར་གསར་སྤེལ་ནང་ཞུགས་ནས་ཡོང་འབབ་འཕར་བའི་གྲོང་མི་མང་པོ་ཡོད་པ་རེད།

    2015ལོར་གྲོང་མི་བཀྲ་འབྲུག་གིས་ཁྱིམ་ཚང་མགྲོན་ཁང་གི་གཞི་ཁྱོན་ཆེ་རུ་བཏང་སྟེ་ཁང་པ་6གསར་རྒྱག་བྱས་པས་སྣེ་ལེན་ཞུ་ནུས་སྔར་བས་ཆེ་རུ་ཕྱིན་ཏེ་ལོར་ལས་གཉེར་ཡོང་འབབ་སྒོར་ཁྲི་10ཙམ་ཟིན་ཡོད། 2017ལོར་ཁྱིམ་ཚང་མགྲོན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ཐད་བཀྲ་འབྲུག་གིས་འཛུམ་དམུལ་དམུལ་ངང“ངའི་ཁྱིམ་ཚང་མགྲོན་ཁང་ལ་ཚོམས་ཆེན་1དང་། ཟ་ཁང་1 ཉལ་ཁྲི་གཉིས་བཙུགས་ཁང་པ་17 ཉལ་ཁྲི་གཅིག་གི་ཁང་པ་3བཅས་ཡོད། ཚོད་རྩིས་བྱས་ན། མགྲོན་ཁང་ལས་མཇུག་འགྲིལ་རྗེས་ལོའི་ལས་གཉེར་ཡོང་འབབ་སྒོར་ཁྲི་30ཟིན་བཟོ་ཡོད་པ་མ་ཟད། དུད་ཚང་དབུལ་པོར་ལོར་འབབ་འཕར་སྒོར་ཁྲི་5ཙམ་ཡོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད”ཅེས་གསར་འགོད་པར་བཤད།

    ད་ཆ་ཀ་གནམ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་དུད་ཚང་15ཡོད་པ་དང་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་ནས་སྤྱིའི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་200ལྷག་ཟིན་ཞིང་། གྲོང་ཚོའི་ལས་བྱེད་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་ཀ་གནམ་གྲོང་ཚོར་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.6ལྷག་བྱུང་བའི་ཁྲོད་དངུལ་སྨར་ཡོང་འབབ་སྒོར་ཁྲི་1.2ལྷག་ཙམ་ཟིན་ཡོད།

    སྣོད་བཅུད་བཟང་བའི་ཁོར་ཡུག་དང་རང་བྱུང་མཛེས་ལྗོངས་ཀྱིས་ཕན་པ་ཐོབ་པའི་ཀ་གནམ་གྲོང་ཚོའི་གྲོང་མིས་སྣོད་བཅུད་ཁོར་ཡུག་དང་རང་གི་ཁྱིམ་གཞིས་ལ་སྔར་བས་གཅེས་སྤྲས་བྱེད་ཀྱི་ཡོད། ཁོང་ཚོས་ཀ་གནམ་མཚེའུ་དང་ཀ་གནམ་རྒྱལ་རབས་ཀྱི་རྗེས་ཤུལ་ཡུལ་སྐོར་གསར་སྤེལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་ས་གནས་དེ་གའི་སྣེ་ཤན་པ་གསོ་སྐྱོང་དང་། གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་པ། མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་བཏང་ནས་ཀ་གནམ་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་ཆབས་ཅིག གྲོང་ཚོའི་ནང་ད་དུང་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤིང་ནགས་རང་དགར་གཏོར་བརླག་གཏོང་བ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་གནོད་འཚེ་གཏོང་རྒྱུ་གཏན་འགོག་བྱས་ནས་སྣོད་བཅུད་དོ་སྙོམས་ཡོང་བར་བྱས་ཡོད། གྲོང་སྡེའི་མཛེས་བཟོ་སྔོ་འགྱུར་དང་རྩི་ཤིང་དང་ནགས་བཟོའི་འདུ་འགོད་ཤུགས་ཆེན་སྤེལ་བས། ཉེ་བའི་ལོ་གཉིས་ཙམ་རིང་། གྲོང་མིས་ཤིང་འཛུགས་རྒྱ་ཁྱོན་མུའུ་10ལྷག་ཟིན་ལ། གྲོང་ཚོའི་ནང་གཟའ་འཁོར་རེར་ད་དུང་གྲོང་མི་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་ལ་གཙང་སྦྲའང་བྱེད་ཀྱི་ཡོད། རང་བྱུང་ཁམས་ཀྱི་བཀའ་དྲིན་ལས་བྱུང་བའི་ཐོན་ཁུངས་ལེགས་ཆ་དང་ཏང་གི་སྲིད་ཇུས་བཟང་པོའི་འོད་ཟེར་ལ་བརྟེན་ནས་ཀ་གནམ་གྲོང་ཚོའི་མི་རྣམས་ཀྱིས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྣོད་བཅུད་བཟང་བའི་ཞིང་ནང་སྐྱེད་ཚལ་ཞིག་བསྐྲུན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།