ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། འཚོ་བའི་གད་སྙིགས་འགྱིག་ཤོག་གང་གིས་བྲང་རྟགས་གཅིག་བརྗེ་ཆོག་པ་དང་། འགྱིག་ཤོག་དོ་ཡིས་ལྡེ་མིག་གི་ཨ་ལོང་གཅིག་བརྗེ་ཆོག བསྡུ་རུང་བའི་གད་སྙིགས་འགྱིག་ཤོག་གང་གིས་ཤོག་བུ་ཐུམ་སྒྲིལ་གཅིག་གམ་ཡང་ན་ཤོག་བུ་སློན་པ་ཐུམ་གཅིག་བརྗེ་ཆོག་པ་སོགས་ཉེ་ཆར་གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གི་གནས་རི་ལྷ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་འགའ་ཞིག་གིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གད་སྙིགས་བསྒྲུགས་རྗེས་བོད་ཀྱི་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་པོར་བརྗེ་བཞིན་པ་མཐོང་བྱུང་།
དེ་དག་ཐམས་ཅད་ནི་ས་གནས་དེ་གས“གད་སྙིགས་དངུལ་ཁང”བཙུགས་པ་ལས་བྱུང་བ་ཞིག་རེད། འདི་ལོའི་ཟླ་6པར་བར་ག་ཤང་གིས་གནས་རི་ལྷ་མཚོའི་མཛེས་ལྗོངས་ཁུལ་དུ“གད་སྙིགས་དངུལ་ཁང”བཙུགས་ནས་ས་གནས་དེ་གའི་ཡུལ་སྐོར་བ་དང་མང་ཚོགས་ལ་གད་སྙིགས་བསྒྲུགས་ཏེ་བྱ་དགར་བརྗེ་རྒྱུར་བསྔགས་སྐུལ་བྱས་པས། མཛེས་ལྗོངས་ཁུལ་གྱི་གད་སྙིགས་བསྡུ་བ་དང་དབོར་བའི་དཀའ་གནད་སེལ་རྒྱུའི་ཐད་ཕན་འབྲས་བཟང་པོ་ཐོབ་པ་རེད།
གནས་རི་ལྷའི་མཚོས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་གནས་མཇལ་བ་དང་ཡུལ་སྐོར་བ་ཁྲི་སྟོང་མང་པོའི་ཡིད་དབང་བཀུག་ཅིང་། བར་ག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཧྭ་ཡིས“ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་ཆབས་ཅིག མཛེས་ལྗོངས་ཁུལ་དུ་གད་སྙིགས་ཀྱང་ཇེ་མང་དུ་སོང་ནས་ཁོར་ཡུག་སྲུང་སྐྱོང་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་ལ། གད་སྙིགས་དེ་དག་བསྡུ་འདྲེན་ཇི་ལྟར་བྱེད་པ་དཀའ་གནད་ཅིག་ཏུ་གྱུར་ཡོད”ཅེས་བཤད།
དཀའ་གནད་དེ་སེལ་ཆེད་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག བར་ག་ཤང་གིས“གད་སྙིགས་དངུལ་ཁང”གི་ལས་དོན་སྤེལ་འགོ་ཚུགས་ཏེ་ཡུལ་སྐོར་བ་དང་མང་ཚོགས་ལ་རང་རྟོགས་ངང་གད་སྙིགས་བསྒྲུགས་ནས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བར་ག་ཤང་གིས“གད་སྙིགས་དངུལ་ཁང”གི་དངོས་པོ་བརྗེ་ལེན་ས་ཚིཌ་8བསྒྲུགས་ཡོད་ཅིང་། ཡུལ་སྐོར་བ་དང་མང་ཚོགས་ཀྱིས་བསྡུ་རུབ་དང་། ཤང་སྲིད་གཞུང་གིས་དབོར་འདྲེན། རྫོང་གིས་གཅིག་སྡུད་ཐག་གཅོད་ཀྱི་རྣམ་པ་བརྒྱུད“གད་སྙིགས་དངུལ་ཁང”གི་འཁོར་སྐྱོད་ལ་སྐུལ་འདེད་བཏང་བ་རེད།
ཧུའུ་ནན་ནས་སླེབས་པའི་ཡུལ་སྐོར་བ་ཚའོ་ཀྲེ་ཡུང་གིས“ཁོར་ཡུག་སྲུང་སྐྱོང་ལ་མི་ཚང་མ་ཞུགས་དགོས་པ་དང་རང་ཉིད་ནས་འགོ་འཛུགས་དགོས། ‘གད་སྙིགས་དངུལ་ཁང’བཙུགས་པའི་ལས་དོན་འདི་ཧ་ཅང་ཡག་པོ་འདུག འདི་ལས་མཛེས་ལྗོངས་ཁུལ་གྱི་གད་སྙིགས་ཉུང་དུ་ཕྱིན་པ་མ་ཟད། ད་དུང་ཡུལ་སྐོར་བར་བོད་ཀྱི་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་པོ་བརྗེ་རྒྱུ་བྱུང་བས་གྲུབ་འབྲས་ཐོབ་པའི་སྣང་བ་འདུག”ཅེས་བཤད།