དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འབྲི་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་བླངས་པས་ཡུལ་གཞན་དུ་ཟླ་མཆོད་དུས་ཆེན་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-09-27

    ཟླ་མཆོད་དུས་ཆེན་ནི་ནང་མི་ལྷན་འཛོམས་ཀྱི་དུས་བཟང་ཞིག་ཡིན་ཞིང་། ནམ་ལངས་མ་ཐག་འབྲི་ཆུའི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ས་ཚིགས་ཀྱི་དང་བླངས་པ་ཁྲེན་ཝུན་ཤིན་མལ་ལས་ལངས་ཏེ་ཀོང་ཀྲོའུ་རུ་ཡོད་པའི་རང་གི་ཕ་མ་དང་བརྙན་ལམ་ཐོག་ནས་གླེང་མོལ་བྱས་པ་དང་། དེ་རྗེས“གད་སྙིགས་བརྟག་དཔྱད”བྱེད་འགོ་ཚུགས།

    འབྲི་ཆུའི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ས་ཚིགས་ས་བབ་མཐོ་ཚད་སྨི་4540ཟིན་པའི་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་ཐོག་ཐོན་གཙང་པོའི་ངོགས་སུ་གནས་ཤིང་། “གད་སྙིགས་བརྟག་དཔྱད”བྱེད་པའི་དམིགས་ཡུལ་ནི་ས་མཐོའི་འབྲོག་ཁུལ་གྱི་གད་སྙིགས་བསྡུ་འདྲེན་དང་གནོད་མེད་ཐག་གཅོད་ལ་སྐུལ་འདེད་བཏང་སྟེ། གད་སྙིགས་ཀྱིས་རྩྭ་ཐང་དང་གཙང་པོ་དང་ཆུ་བོའི་ཆུ་འགོར་སྦགས་བཙོག་ཐེབས་ཉུང་དུ་གཏོང་རྒྱུ་དེ་རེད། 2016ལོར། “འབྲི་ཆུ་ཨང་དང་པོའི”བརྗོད་དོན་གཙོ་བོའི་སྦྲག་ཁང་དེ་སྲུང་སྐྱོང་ས་ཚིགས་ཀྱི་ཉེ་འགྲམ་དུ་བཙུགས་པ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས།

    ཟླ་མཆོད་དུས་ཆེན་གྱི་ཉིན་དེར། དང་བླངས་པ་ཚོས་རྒྱུན་གཏན་བཞིན་སྲུང་སྐྱོང་ས་ཚིགས་དང་སྦྲག་ཁང་ལ་གད་བདར་གཙང་མ་བརྒྱབ་པ་དང་དེ་རྗེས“གད་སྙིགས་བརྟག་དཔྱད”བྱེད་འགོ་ཚུགས་ནས་འབྲོག་ཁུལ་གྱི་གད་སྙིགས་རིགས་དབྱེ་ཚུར་བསྡུ་བྱས་ནས་ཐུམ་བརྒྱབ་པ་དང་། ཉེ་འཁོར་གྱི་ཁོར་ཡུག་དང་། དྲོད་ཚད། ཆུ་ཁ་སོགས་ཀྱི་འགྱུར་ལྡོག་ཟིན་ཐོ་བཀོད་པ་དང་སྦྲགས། རང་གིས་བླངས་པའི་འདྲ་པར་དང་བྲིས་པའི་ཉིན་ཐོ་དྲ་རྒྱའི་ཐོག་བསྐུར།

    “སྲུང་སྐྱོང་ས་ཚིགས་ཀྱི་ཚད་ཡོད་ཀྱི་ཐོན་ཁུངས་ཀྱིས་གད་སྙིགས་ཐག་གཅོད་བྱེད་ནུས་ལ་ཚོད་འཛིན་ཐེབས་ཡོད། དེས་ན། ང་ཚོས ‘གད་སྙིགས་དང་བཟའ་བཅའ་བརྗེ་བའི’བྱེད་སྒོ་སྒྲིག་འཛུགས་བྱས་ནས་འབྲོག་པས་གྲངས་འབོར་ངེས་ཅན་གྱི་གད་སྙིགས་བསྐྱལ་ཚེ། རིན་གོང་ངེས་ཅན་གྱི་འཚོ་བའི་མཁོ་ཆས་བརྗེ་པོ་བརྒྱབ་ཆོག་གི་ཡོད”ཅེས་སྲུང་སྐྱོང་ས་ཚིགས་ཀྱི་དོ་དམ་པ་ཀྲའོ་མེའོ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ང་ཚོས་སྔོན་ཚུད་ནས་ལྗང་མདོག་འགྱིག་ཤོག་ནང་གད་སྙིགས་སྣ་ཚོགས་བླུགས་ནས་བཞག་ཡོད། ཟླ་མཆོད་དུས་ཆེན་རིང་། འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བས་གད་སྙིགས་དེ་དག་ཉེ་འགྲམ་གྱི་གྲོང་ཁྱེར་དུ་དབོར་རོགས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    ཉིན་དགུང་དུས་སུ། ཐོག་ཐོན་གཙང་པོའི་ངོགས་སུ་སྔར་རྒྱུན་བཞིན་གྲང་ངར་ཆེ་ལ་ཁ་ཁུ་སིམ་མེར་ཡོད་པ་དང་། དང་བླངས་པ་ཚོ་མཉམ་དུ“འབྲི་ཆུ་ཨང་དང་པོའི”བརྗོད་དོན་གཙོ་བོའི་སྦྲག་ཁང་གི་ཤེལ་སྒོའི་སྒེའུ་ཁུང་མདུན་དུ་བསྡད་ཅིང་། སྒྲོག་ཙེའི་ཐོག་གྲོང་རྡལ་ཚོང་ཁང་ནས་ཉོས་པའི་ཟླ་མཆོད་བག་ལེབ་བཞག་ཡོད་པ་དང་། དང་བླངས་པ་ཚོས་མཉམ་དུ་ལྟོ་ཆས་ཟ་ཞོར་དུ་འཚོ་བའི་དོན་སྙིང་ལྡན་པའི་བྱ་བའི་སྐོར་གླེང་བ་དང་། ཟླ་མཆོད་བག་ལེབ་དེ་ཙམ་མང་པོ་མེད་པས་ཚང་མས་བགོ་བཤའ་བརྒྱབ་ནས་ཟས།

    “ང་ཚོས་རང་ཉིད་ཀྱི་དད་སེམས་ཆེད་བྱ་བ་ཕྲན་ཙམ་སྒྲུབ་སྙམ་གྱི་འདུག་པས་རང་གི་གདམ་ག་རྒྱུན་འཁྱོངས་བྱས་ནས་འདོར་གྱི་མིན”ཞེས་ལིན་ཡན་ལིང་གིས་བརྗོད་པ་དང་། ཁོ་མོས་ཟླ་མཆོད་དུས་ཆེན་འདི“འཁྲུག་ཆ་དེ་ཙམ་དོད་པོ་མེད”མོད། འོན་ཀྱང་བློ་སེམས་མཐུན་པའི་གྲོགས་པོ་མང་པོ་དང་མཉམ་དུ་དུས་ཆེན་གཏོང་རྒྱུ་བྱུང་བས་སེམས་ནང་དྲོ་སྐྱིད་དང་བདེ་སྐྱིད་ཆེན་པོ་ཚོར་བྱུང་ཞེས་བརྗོད།

    “དེ་སྔ་གདང་ལ་གྲོང་རྡལ་གྱི་ཐོག་ཐོན་གཙང་པོའི་ཉེ་འགྲམ་དང་། མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་གང་སར་གད་སྙིགས་ཀྱིས་ཁེངས་ཡོད། ལོ་དེ་དག་ནང་སྲུང་སྐྱོང་ས་ཚིགས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ད་ཆ་གད་སྙིགས་ཕོན་ཆེན་པོ་མཐོང་རྒྱུ་མེད”ཅེས་ཀྲའོ་མེའོ་ཡིས་བརྗོད། (ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།