དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་དུས་ཆེན་གཉིས་རིང་ས་མཐོར་ཡུལ་སྐོར་འཛད་སྤྱོད་བྱེད་སྐབས་ཀྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-09-27

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྟོན་འཆར་ལ་ཉེ་བའི་མཚམས་འདིར་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་ཚ་རླབས་གསར་པ་ཞིག་འཕྱུར་རྒྱུ་ཡིན་ཞིང་། འཛད་སྤྱོད་པར་འཕྲད་སྲིད་པའི་ཡུལ་སྐོར་འཛད་སྤྱོད་གནད་དོན་ལ་དམིགས་ནས་བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་12315ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་ཀྱིས་ཉེ་བའི་ལོ་ཤས་རིང་བདག་སྤྲོད་བྱས་པའི་ཞུ་གཏུག་བློ་འདྲིའི་གནས་ཚུལ་གྱི་དབྱེ་ཞིབ་དང་ཟུང་འབྲེལ་བྱས་ཏེ་དུས་ཆེན་གཉིས་རིང་ས་མཐོར་ཡུལ་སྐོར་འཛད་སྤྱོད་བྱེད་སྐབས་ཀྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་རེད།

    གཅིག་ནི་དྲ་ཐོག་ནས་ཁང་པ་མངགས་ན་གཏན་འཁེལ་ཁ་གསལ་བྱེད་དགོས་ཤིང་། དུས་ཆེན་རིང་ཕྱིར་གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་དང་ཡུལ་སྐོར་དུ་སྐྱོད་མཁན་མང་དུ་འགྲོ་བས་མི་དེ་བས་མང་བས་OTA(དྲ་ཐོག་ཡུལ་སྐོར་ལས་དོན་ཁང)ལས་སྟེགས་ནས་ཁང་པ་དང་ལམ་ཐིག་འདེམས་ཀྱི་ཡོད། འཛད་སྤྱོད་པས་སྟབས་བདེ་ཡོང་བ་བྱེད་པ་དང་སྦྲགས་རྒྱུས་མངའ་ཡག་པོ་ལོན་པར་བྱས་ནས་འཛད་སྤྱོད་ཐད་རྩོད་གཞི་མི་ཐོན་པ་བྱེད་དགོས།

    12315བཀོད་འདོམས་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། འཛད་སྤྱོད་པས་གསོལ་མགྲོན་ཁང་སྔོན་མངགས་ཀྱི་བརྒྱུད་རིམ་ནང་སྐད་གྲགས་ཆེ་བ་དང་ཚད་ལྡན་གྱི་OTAལས་སྟེགས་བདམས་ནས་མགྲོན་ཁང་གི་གནས་ཡུལ་དེ་སྐྱོད་དགོས་པའི་གྲོང་ཁྱེར་དང་གཅིག་པ་ཡིན་མིན་གཏན་འཁེལ་བྱེད་དགོས་པ་ལས་མངགས་སྟངས་ནོར་ནས་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པ་བྱེད་དགོས། མགྲོན་ཁང་སྔོན་མངགས་བྱེད་སྐབས་མངགས་པའི་རིན་གོང་དེ་མགྲོན་ཁང་ཁོ་ནའི་རིན་གོང་ཡིན་ནམ་ཡང་ན་ཁ་ལག་སོགས་ཚུད་ཡོད་མེད་སྐད་ཆ་གསལ་པོ་དྲིས་ཏེ་ཚོང་ཁང་གི་མཉམ་སྒྲིག་ཕྱིར་ཚོང་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས།

    གཉིས་ནི་ཡུལ་སྐོར་ཚོགས་པར་ཞུགས་སྐབས་གན་རྒྱ་འཇོག་དགོས་ཤིང་། ཡུལ་སྐོར་ལས་དོན་ཁང་ཁག་གཅིག་གིས“ཚོགས་ཉོའི་རིན་གོང”དང་། “རིན་གོང་དམའ་བའི་ཚོགས་པ” “ཉམས་ལེན་ཡུལ་སྐོར”སོགས་བརྡ་ཁྱབ་བརྒྱུད་འཛད་སྤྱོད་པའི་ཡིད་དབང་འགུག་གི་ཡོད། དོན་དངོས་ཐོག་འགྲོ་སྐྱོད་ལམ་ཐིག་དང་། འགྲིམ་འགྲུལ་ཡོ་བྱད། ཞག་སྡོད་ཆ་རྐྱེན་སོགས་ཐད་ཀྱི་ཞབས་ཞུའི་སྤུས་ཚད་ཞན་པོ་ཡོད་པ་རེད།

    12315བཀོད་འདོམས་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། འཛད་སྤྱོད་པ་དང་ལྷག་པར་དུ་ལོ་ན་ཆེ་བའི་འཛད་སྤྱོད་པས་ཚད་ལྡན་དང་ཡིད་ཆེས་བྱེད་ཤུགས་ཅུང་ཆེ་བའི་ཡུལ་སྐོར་ལས་དོན་ཁང་འདེམས་དགོས་པ་དང་ཆབས་ཅིག་གན་རྒྱ་བཞག་སྟེ་གན་རྒྱའི་ནང་འགྲོ་སྐྱོད་དང་། འགྲིམ་འགྲུལ། ཟ་སྡོད་བཀོད་སྒྲིག་དང་ཚད་གཞི། ལྟ་སྐོར་རོལ་རྩེད་ཀྱི་ཞིབ་ཕྲའི་ནང་དོན་དང་དུས་ཚོད་སོགས་རྣམ་གྲངས་དང་དེ་བཞིན་རང་མོས་བྱེད་སྒོའི་དུས་ཚོད་དང་། ཡུལ་སྐོར་འགྲོ་སོང་། ཁ་ཆད་དང་འགལ་བའི་འགན་འཁྲི་སོགས་གཞི་རྩའི་ནང་དོན་ཁ་གསལ་འབྲི་དགོས་པ་དང་། ཁ་གསལ་པོ་མེད་པའི་དོན་ཚན་དུས་ཐོག་ཏུ་བློ་འདྲི་བྱེད་པ་དང་ཆབས་ཅིག་གན་རྒྱའི་ནང་ཁ་གསབ་བྱས་རྗེས་མིང་རྟགས་འགོད་དགོས། རང་མོས་འགྲོ་སྐྱོད་དང་ལྷག་པར་དུ་སྐད་གྲགས་ཆེ་བའི་ཡུལ་སྐོར་ཁུལ་དུ་སྐྱོད་མཁན་འཛད་སྤྱོད་པས་ཡིད་ཆེས་བྱེད་ཤུགས་ཆེ་བ་དང་། སྤུས་གོང་འཚམ་པ། ལས་སྒོ་དང་འཚམ་པའི་གསོལ་མགྲོན་ཁང་བདམས་ནས་ཡུལ་སྐོར་ལམ་ཐིག་ཇུས་འགོད་ཡག་པོ་བྱས་ཏེ་གསོལ་མགྲོན་ཁང་དང་མཛེས་ལྗོངས་ཁུལ་གྱི་སྤ་སེ་སྔ་ཙམ་མངགས་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།