དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་2018ལོའི་ཀྲུང་གོའི“སའི་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-10

    ཟླ་9ཚེས་8ཉིན་གྱི་ཕྱི་དྲོ་སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་2018ལོའི་ཀྲུང་གོའི“སའི་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་ལྷ་སར་གཉེར་བ་དང་ཚོགས་ཞུགས་སྐུ་མགྲོན་ཚོས“དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་གོ་སྐབས་དང་གདམ་གར”དམ་པོར་དམིགས་ཏེ་བོད་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བ་རེད།

    ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཁེ་ལི་ཤིས་ནཱ·པཱ་ཧ་ཏུར·མཱ་ཧ་ལཱ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཚོགས་འདུར་ཕེབས་པ་རེད།

    མོང་གོལ་རྒྱལ་ཁབ་ཨུ་ལན་དཔའ་ཐུལ་གྲོང་ཁྱེར་གྱི་གྲོས་དཔོན་ཨ་མཱར་སའེ་ཧན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞུས་ལེ་ཅང་། རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ཀྲང་ཤུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་བ་རེད།

    རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཞེ་ཅིང་རུང་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཁག་གཅིག་ཕེབས་ཡོད་པ་རེད།

    ཨ་མཱར་སའེ་ཧན་གྱིས་གཏམ་བཤད་གནང་སྐབས་མོང་གོལ་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བའི་སྲིད་ཇུས་སྔ་ཕྱི་བར་གསུམ་དུ་ལག་ལེན་བསྟར་བ་དང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་གྱི་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་གྱི་སྐུལ་འདེད་ཤུགས་ཆེན་འོག་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་དང་རིམ་པ་མང་བའི་མཉམ་ལས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོའི་སྒོ་དབྱེ་བསྟུན་མཁས་ཀྱི་འཕེལ་རྒྱས་སྲིད་ཇུས་ལས་མོང་གོལ་དང་ཀྲུང་གོའི་བོད་ལྗོངས་ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་གོ་སྐབས་ཐོབ་ངེས་རེད། བོད་ལྗོངས་འགྲེམས་ཚོགས་ཀྱིས་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་གཏིང་ཟབ་ལ་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པའི་ཡིད་ཆེས་ཡོད། སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་སླད་ཕྱིན་བོད་འདི་ཉིད་མུ་མཐུད་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞུས་ལེ་ཅང་གིས་གཏམ་བཤད་ནང་བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་ཚུད་པའི་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་གནང་བའི་དོན་ཆེན་ཡིན་པས། ངེས་པར་དུ་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཕུགས་ཕན་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་དགོས། བོད་ཀྱི་ཡུལ་སྐོར་གྱི་ལེའུ་ཡག་པོ་རྩོམ་པར་ཐད་ཀའི་དཔལ་འབྱོར་གྱི་དོན་སྙིང་ལྡན་པ་མ་ཟད་ད་དུང་སྤྱི་ཚོགས་ཀྱི་རིན་ཐང་དང་ཆབ་སྲིད་ཀྱི་དོན་སྙིང་ལྡན་པས། དེ་ནི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་ཉམས་འགྱུར་མངོན་པའི་དྲིལ་བསྒྲགས་དཔེ་དེབ་དང་སོན་འདེབས་འཕྲུལ་འཁོར་ཞིག་ཡིན་ལ། ཀྲུང་གོའི་བཅོས་སྐྱོང་ཉམས་མྱོང་བརྒྱུད་སྤེལ་དང་། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་འདུ་ཤེས་དྲིལ་བསྒྲགས། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་མངོན་པ་བཅས་ཀྱི་གསོན་ཉམས་ལྡན་པའི་སློབ་དེབ་ཅིག་ཀྱང་ཡིན་ཞེས་གསུངས་པ་རེད། ཁོང་གིས་བོད་ཀྱི་ཡུལ་སྐོར་ལས་རིགས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་མཁྲེགས་ཆས་ཀྱི་ཁོར་ཡུག་འཛོམས་ཡོད། དམངས་གཉེར་ཁེ་ལས་དེ་ཉིད་བོད་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་དང་སྟོབས་ཤུགས་གསར་པར་འགྱུར་རྒྱུ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་། བོད་ཀྱི་མཛེས་ལྗོངས་སྐྱེད་སྲིང་དང་བརྒྱུད་གཏོང་། བོད་ཀྱི་མཛེས་ལྗོངས་འབྲེལ་མཐུད་པ་དང་རྒྱ་ཆེར་གཏོང་བ། ཡུལ་སྐོར་སྤུས་རྟགས་ལེགས་སུ་གཏོང་བ། ཡུལ་སྐོར་སྤུས་རྟགས་གྲུབ་པར་བྱེད་པ། བོད་ཀྱི་ཡུལ་སྐོར་གྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སྤེལ་བྱེད་པ། ཡུལ་སྐོར་དང་ཁྱད་ལྡན་རིག་གནས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཡུལ་སྐོར་དང་། རི་མཐོའི་ཡུལ་སྐོར། མྱུལ་དཔྱད་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་ཁྲོད་ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་དང་ཡུལ་སྐོར་ཐོན་རྫས་གསར་གཏོད་བྱས་ཏེ་ལས་གནས་བཏོད་ནས་ཡུལ་དེའི་མི་དམངས་མང་ཚོགས་ལ་ཡོང་འབབ་དེ་བས་མང་བ་གཏོད་ཐུབ་པ་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་མཁས་ཅན་གྱི་དཔལ་འབྱོར་བྱེད་སྒོའི་གནས་བབ་གཙོ་བོར་བརྩི་འཇོག་བྱེད་པ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཚོང་ཚོགས་ཀྱི་སྟོབས་ཤུགས་མཐུན་སྒྲིལ་དང་སྐོང་འཐེན་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཞབས་འདེགས་ཞུ་བ་དང་བོད་ཀྱི་མི་དམངས་དང་མཉམ་དུ་འབད་འཐབ་བྱས་ནས་བོད་ཀྱི་གནམ་དེ་བས་སྔོ་བ་དང་། ལྗོན་ཤིང་དེ་བས་སྔོ་ལྗང་བ། ཆུ་དེ་བས་དྭངས་བ། མཛེས་ལྗོངས་དེ་བས་མཛེས་པ་བཅས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བོད་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱང་དུས་རབས་གསར་པར་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སའི་གོ་ལའི་སྣེ་གསུམ་པར”དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད། “སའི་གོ་ལའི་སྣེ་གསུམ་པ”ནི་བོད་ཀྱི་ལྗོངས་བབ་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། སྤུས་རྟགས་བཀྲག་མདངས་འཚེར་ཤོས་བཅས་ཡིན། ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་གཞི་རྩའི་བྱེད་ཐབས་སུ་བྱེད་པ། “ཁྱད་ལྡན་དང་། རྩེ་གྲ སྤུས་དག”བཅས་སྟོན་ཕྱོགས་སུ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དམིགས་ཚད་དུ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་འདྲེན་ཐོན་ལས་ཡིན་པའི་ཡུལ་སྐོར་ལས་རིགས་ཀྱི་འཐབ་ཇུས་ངེས་གནས་ལ་དམིགས་ཏེ་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་དང་། ཡུལ་སྐོར་གྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་གྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་ཐོན་ལས་དཔལ་འབྱོར་མ་ལག་ཡག་པོ་གཏོད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣས་བོད་དུ་ལྟ་སྐོར་ཡུལ་སྐོར་དང་མ་འཇོག་ལས་དར་བྱེད་པར་ཡོང་སྟེ་བོད་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག“བོད་ལྗོངས་གསར་པར་སྤྲོ་བས་རོལ། གླིང་སྣེ་གསུམ་པར་སྲུང་སྐྱོང་བྱེད”རྒྱུར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བཞེད་དོན་གཙོ་བོའི་གླེང་སྟེགས་ཐོག་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་མཚན་འཛིན་སུའོ་ཀྲང་ཡའོ་ཐན་ཏུང་དང་། རྒྱལ་སྲིད་སྤྱི་ཁབ་ཁང་གི་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་ལུའུ་མའེ། ཀྲུང་གོ(ཧའེ་ནན)སྒྱུར་འཕེལ་ཞིབ་འཇུག་ཁང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧའེ་ནན་འཕེལ་རྒྱས་ཞིབ་འཇུག་ཁང་གི་སུའོ་ཀྲང་ཀན་ལུའུ། ཤིན་ཨའོ་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་ཝང་ཡུས་སུའོ། ཀྲུང་གོ་གཞོན་ནུ་ཡུལ་སྐོར་ཚོགས་པའི་ཙུང་ཚའེ་གཞོན་པ་ཧྥན་སི་ཡོན། ཤིས་ཧྲེང་ཚོགས་པའི་ཙུང་ཚའེ་གཞོན་པ་ལི་ཤིན་ཡུས་སོགས་ཀྱིས་གསུང་བཤད་གནང་བ་རེད།

    གདན་ཞུས་ལྟར་གླེང་སྟེགས་ནང་ཞུགས་མཁན་གྲས་སུ་ལྷོ་ཨ་ཧྥེ་རི་ཁ་དང་། སི་རི་ལན་ཁ། ཀེ་རི་སེ། མོང་གོལ། ནེ་པ་ལ། སི་ཕེན། ཀྲུང་གོར་བཅའ་སྡོད་ཧང་ག་རིའི་གཞུང་ཚབ་ཆེ་མོ་བ། འབར་མ། སིང་ཀ་ཕོར། ཀྲུང་གོར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་གི་དཔོན་རིགས་བཅས་དང་། ཀྲུང་དབྱང་པུའུ་ཨུད་ཁག་དང་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་འཐུས་མི། རྒྱལ་སྤྱི་དང་རྒྱལ་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་ཀྱི་འཐུས་མི་ཁག་གཅིག རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་དང་གསར་འགྱུར་ལས་རིགས་ཀྱི་འཐུས་མི་བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།