རྩྭ་ཐང་སྟེང་གི་འབྲོག་གླུས་མི་སེམས་མྱོས་པར་བྱས།
འབྲི་རུ་རྫོང་དུ་ནག་ལ་ཞེས་པའི་གནས་རི་ཞིག་ཡོད་པ་དང་ལོ་ངོ་སྟོང་ཕྲག་རིང་དེ་གའི་བུ་ཕྲུག་ཚོ་སྐྱོང་རོགས་བྱས་པས་མི་ཚོས་བཀའ་དྲིན་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། མི་རབས་ཚོས་ནོར་འཛིན་དགའ་མའི་བཀའ་དྲིན་མ་བརྗེད་པར་རིག་གནས་སྒྱུ་རྩལ་གྱི་མཚོན་ཚུལ་རབ་དང་རིམ་པ་བརྩམས་པས་ནག་ཆུའི་གྲགས་ཅན“ནགས་ཤོད་རིག་གནས”ཐོན་པ་རེད། ཤག་ཆུ་གྲོང་རྡལ་གྱི“སྟག་བུའི་སྒོར་གཞས”ཞེས་པ་དེའང“ནགས་ཤོད་རིག་གནས”ཀྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་དེ་ནི་གཙོ་བོ་སྟངས་སྟབས་ཀྱི་འགྱུར་ལྡོག་སྣ་ཚོགས་ལས་མི་རྣམས་ཀྱིས་ངལ་རྩོལ་ལ་དགའ་ཞེན་དང་འཚོ་བར་དགའ་ཞེན་བྱེད་པའི་བསམ་བློ་མཚོན་གྱི་ཡོད་པས་ས་གནས་དེ་གའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
གསར་འགོད་པ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་དུ་བཅར་འདྲིར་སྐྱོད་སྐབས་ནགས་ཤོད་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་བྲག་ར་གྲོང་ཚོའི་རྩྭ་ཐང་ཐོག་ལེ་ཚན་ནང་སྦྱོང་བྱེད་བཞིན་འདུག དགུང་སྔོན་སྤྲིན་དཀར་འོག་གཞས་དང་ཞབས་བྲོར་མཁས་པའི་ཕོ་གཞོན་མོ་གཞོན་ཚོའི་སྟངས་སྟབས་དེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་མཛེས་སྡུག་ལྡན་པའི་རི་མོ་ལྟར་དུ་སྣང།
ངལ་གསོའི་སྐབས་ང་ཚོར་འཁྲབ་སྟོན་རུ་ཁག་གི་སྣེ་འཁྲིད་པ་ཨ་པོ་འཕྲད་བྱུང་།
“དེ་སྔ་འབྲོག་ཁུལ་དུ་ལས་ཞོར་རིག་གནས་འཚོ་བ་ཞེས་པ་སྤྱིར་ན་མེད། ལོ་རྒྱུས་ཡུན་རིང་ལྡན་པའི་སྒྱུ་རྩལ་གྱི་རྣམ་པའང་མི་རྣམས་ཀྱིས་རིམ་བཞིན་བརྗེད་འགྲོ་གི་ཡོད། དེ་དག་མཐོང་སྐབས་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག ད་ཆ་ཆ་རྐྱེན་ཡག་པོ་ཡོད་རུང་ང་ཚོས་རིག་གནས་སྒྱུ་རྩལ་དེ་དག་མངོན་མི་ཐུབ་པ་གང་ཞིག་ཡིན་ནམ། ང་ཚོས་རིག་གནས་སྒྱུ་རྩལ་དེ་དག་ལ་བརྟེན་ནས་འབྲོག་པའི་བསམ་པའི་ཉམས་འགྱུར་མངོན་མི་ཐུབ་པའི་རྒྱུ་མཚན་གང་ཞིག་ཡིན་ནམ”ཞེས་པ་སོགས་ཐོག་མའི་བསམ་འདུན་གླེང་སྐབས་ཨ་པོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བཤད།
2007ལོར་བྲག་ར་གྲོང་ཚོས་ཤག་ཆུ་གྲོང་རྡལ་གྱི་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་རུ་ཁག་ཐོག་མ་དེ་བཙུགས་པའི་ནང་ཕོ་གཞོན་མོ་གཞོན་20ལྷག་ཙམ་ཞུགས་ཡོད། “སྟག་བུའི་སྒོར་གཞས”དང་དམངས་ཁྲོད་གླུ་གར་དག་དེང་རབས་ཀྱི་ཉམས་འགྱུར་ཐོག་ནས་འབྲོག་ཁུལ་མང་ཚོགས་ཀྱི་བསམ་པའི་ཉམས་བཟང་མཚོན་པར་བྱས་ཡོད།
བྲག་ར་གྲོང་ཚོའི་སྣེ་ཁྲིད་འོག་ད་ཆ་ཤག་ཆུ་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོད་པས་གྲོང་ཁྱེར་དང་རྫོང་གི་བྱེད་སྒོ་ཆེ་གྲས་སུ་ཁོང་ཚོ་སྐད་གཏོང་གི་ཡོད་པ་དང་འབྲོག་ར་དང་གྲོང་ཚོ་ནི་ཁོང་ཚོས་འབྲོག་ཁུལ་གྱི་རིག་གནས་རྒྱུན་འཛིན་བྱེད་སའི་གར་སྟེགས་སུ་གྱུར་ཡོད།
ཨ་པོས་གསར་འགོད་པར“ད་ཆ་འགྲོ་གྲོན་དང་སྒྲིག་ཆས་ཚང་མར་སེམས་ཁྲལ་གང་ཡང་མི་འདུག ཕྱོགས་ཚང་མའི་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱས་ཏེ་ཚད་ལྡན་ཅན་དང་ཁྲོམ་ར་ཅན་གྱི་ཚད་བརྒལ་དེ་བས་ཆེ་བ་ཡོང་བ་བྱས་ནས་ང་ཚོ་གང་སྤྱིའི་ཐད་དེ་བས་ལེགས་པ་ཡོང་ངེས་ཡིན་པའི་ཡིད་ཆེས་དང་ནུས་པ་ཡོད”ཅེས་བཤད།
འབྱོར་འབྲིང་འཛུགས་སྐྲུན་ལས་ཕྱུག་འགྱུར་ཐབས་ལམ་ཡངས་པ།
“འབྱོར་འབྲིང་མངོན་འགྱུར་བྱུང་མིན་གྱི་འགག་རྩ་ནི་ཕ་ཡུལ་གཅིག་པ་བ་ཚོར་བལྟ་དགོས། ཞིང་འབྲོག་པ་ཚོ་ཕྱུག་པོ་ཆགས་པ་དང་གྲོང་རྡལ་འཕེལ་རྒྱས་ཕྱིན་པ་མཐོང་སྐབས་ང་ཚོས་ལམ་བུ་དེའི་ཐོག་བསྐྱོད་རྒྱུ་ནི་གདམ་ག་ཡང་དག་ཅིག་ཡིན་པ་ཚོར་གྱི་འདུག”ཅེས་ཤག་ཆུ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཀྲང་ཧྥོང་པིན་གྱིས་བཤད།
ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད་འབྱོར་འབྲིང་དཔེ་སྟོན་འཛུགས་སྐྲུན་དང་གནད་སྨིན་དབུལ་སྐྱོར་གྱིས་གྲོང་རྡལ་དེར་གསོན་ཤུགས་ཆེན་པོ་སྦྱིན་ཡོད། ཤག་ཆུ་གྲོང་རྡལ་ལ་2017ལོའི་ལོ་མཇུག་ཏུ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་1.96བྱུང་བ་དང་གྲོང་མི་ཚོར་ཡོང་འབབ་ཁེ་གཙང་སྒོར་11266.5བྱུང་ཡོད། གྲོང་རྡལ་དེའི་ཞིང་འབྲོག་པ་མང་ཆེ་བ་གཙང་ལ་དཀར་ཆ་དོད་པའི་བདེ་སྡོད་ཁང་པ་གསར་པའི་ནང་སྤོས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ཉི་འོད་ནུས་པའི་གློག་སྤྱོད་རྒྱུ་བྱུང་བ། སྡོད་གནས་གཏན་འཁེལ་དང་། ལམ་ཤར་གཏོང་། གློག་ཤར་གཏོང་། འཕྲིན་གཏོང་དང་རླུང་འཕྲིན་བརྙན་འཕྲིན་ཤར་གཏོང་བཅས་བྱུང་བ། དུད་ཚང་ཚང་མར་བརྙན་འཕྲིན་དང་། འཁྱག་སྒམ། གོས་འཁྲུའི་འཕྲུལ་ཆས་སོགས་དེང་རབས་ཀྱི་གློག་ཆས་ཆ་ཚང་ཡོད་པ་བཅས་རེད།
འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་ཤག་ཆུ་གྲོང་རྡལ་ཤག་ཆུ་ཁ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་གྱི་ཀྲི་པུའི་ཧྲུའུ་ཅི་ཟླ་བ་རྡོ་རྗེས“ད་ཆ་འཚོ་བ་ཧ་ཅང་སྟབས་བདེ་པོ་འདུག ཉི་གཡབ་དང་། འཁྲུད་ཁང་། གཉེར་ཚང་སོགས་ཆ་ཚང་ཡོད། དེ་སྔ་ང་ཚོ་ན་གཞོན་སྐབས་ནང་མི་7རི་འདབས་ཀྱི་སྡོད་ཁང་ཆུང་ཆུང་དེའི་ནང་འཚང་ཁ་བརྒྱབ་ནས་སྡོད་དགོས་པས་འཐུང་ཆུ་སོགས་སྟབས་བདེ་པོ་མེད། ད་ཆ་འདི་གར་གྲོང་ཁྱེར་དང་གཅིག་པ་གཅིག་རྐྱང་རེད། ཕྲུ་གུ་ཚོར་རང་ཉིད་ཀྱི་ཉལ་ཁང་ཡོད་པ་མ་ཟད། གཟུགས་པོ་དང་གྱོན་ཆས་སོགས་འཁྲུ་ས་ཡོད་པ་དང་དྲ་ཐོག་ནས་ཅ་ལག་ཉོ་བ་སོགས་གང་དགོས་ཅི་དགོས་ཚང་མ་ཡོད། དེ་དག་ནི་དེ་སྔ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་བཤད།
ཤག་ཆུ་གྲོང་རྡལ་གྱི་འབྲོག་པའི་ངོས་ནས་བརྗོད་ན། བདེ་འཇགས་དང་སྐྱིད་སྣང་དོད་པ་དང་བཀོད་པ་ལེགས་པའི་འབྱོར་འབྲིང་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ་དེས་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་འདུ་འགོད་ཀྱི་དྲོ་སྐྱིད་ཏན་ཏིག་ཚོར་ཐུབ་པ་བྱུང་ཡོད།
ཤག་ཆུ་གྲོང་རྡལ་ཤག་ཆུ་ཁ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་2015ལོའི་ཟླ་12པར་བསྐྲུན་འགོ་ཚུགས་པ་དང་2016ལོར་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དེའི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4ཡོད་པ་དང་ཁྱོན་མ་དངུལ་སྒོར་ཁྲི་2600ལྷག་ཙམ་བཏང་ཡོད་པ་རེད།
དབུལ་སྒྲོལ་འགག་སྒྲོལ་ནི་དམངས་འཚོ་ཆེ་ཤོས་དེ་རེད། ཤག་ཆུ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས“ཐོན་ལས་ཕན་འཕར་དང་། མང་ཚོགས་ལ་འབབ་འཕར། ཁེ་ཕན་མཉམ་སྤྱོད”བཅས་དམིགས་ཚད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་དབུལ་སྐྱོར་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གཙོ་རྐང་དུ་བྱས་ནས“ཤང་རེར་མཉམ་ལས་ཁང་རེ”ཡོད་པ་བྱས་ཏེ་ཀ་རྟེན་ཐོན་ལས་འཕེལ་རྒྱས་བཏང་བ་དང་ཚོང་འགུགས་མ་འདྲེན་ཧུར་ཐག་བྱས་ཏེ་ཤག་ཆུ་གྲོང་རྡལ་གྱི་དབུལ་སྐྱོར་ཚོང་ལས་ཁྲོམ་གཞུང་བཙུགས་པ་རེད། དབུལ་སྐྱོར་ཚོང་ལས་ཁྲོམ་གཞུང་བསྐྲུན་ཟིན་རྗེས་བོགས་གཏོང་དང་། ཕྱིར་ཚོང་། མཉམ་གཉེར་སོགས་ཀྱི་བྱེད་ཐབས་བརྒྱུད་ཡུལ་སྐོར་རིག་གནས་དང་། མི་རིགས་ལག་ཤེས་བཟོ་རྩལ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་། བཟའ་འཐུང་རོལ་རྩེད་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་ཚོང་ལས་རྣམ་པ་ཞིག་བཏོད་དེ་མང་ཚོགས་དབུལ་པོ་རྣམས་མགྱོགས་མྱུར་དབུལ་སྒྲོལ་ཡོང་བ་བྱས་པ་རེད།
ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེ་བས་སྐྱིད་སྣང་དོད་དུ་ཕྱིན་པ།
2017ལོར་ཤག་ཆུ་གྲོང་རྡལ་ལ་གསའ་མཐོང་རྒྱུ་ཡོད། སྐབས་ཤིག་རིང་ཤག་ཆུ་གྲོང་རྡལ་བྲག་ལྷས་གྲོང་ཚོའི་གྲོང་མི་དོན་གྲུབ་ཚེ་རིང་གིས་རྨས་སྐྱོན་ཕོག་པའི་གསའ་ཆུང་ཆུང་གཉིས་བསྐྱབས་པའི་གསར་འགྱུར་དེར་རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་གི་ཚད་མཐོའི་དོ་ཁུར་ཐོབ་ཡོད། དེ་རྗེས་རྫོང་ནགས་ཚལ་སྤྱི་བདེ་དང་ནགས་ལས་ཅུས་ཀྱི་ལས་དོན་མི་སྣས་ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་བྱས་པ་བརྒྱུད་གསའ་ཆུང་ཆུང་གཉིས་བདེ་ཐང་ངང་རང་བྱུང་ཁམས་ཆེ་མོར་གློད་ཡོད།
ཧྥོང་པིན་གྱིས་ད་ཐེངས་གསའ་བསྐྱབས་པའི་གནས་ཚུལ་དེ་ལས་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་མཚོན་ཡོད། ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པར་གྲོང་རྡལ་དེ་ཡོངས་ཀྱི་མི་ཚང་མ་ལྟ་སྐུལ་དང་སྲུང་སྐྱོང་ལས་དོན་ནང་ཞུགས་དགོས། དེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྣོད་བཅུད་དོ་སྙོམས་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
ད་ཕན་ལོ་ཤས་རིང་། ཤག་ཆུ་གྲོང་རྡལ་གྱིས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་སྔར་བས་བརྟན་པོ་བཙུགས་པ་དང་། ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་དང་འབྲི་རུ་རྫོང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་དམར་ཐིག་ནན་སྲུང་གི་མཐའ་ཚད་དུ་བརྩིས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྩ་བར་བརྩིས་ཡོད།
མཛེས་སྡུག་ལྡན་པའི་ཤག་ཆུའི་བྱང་བུ་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་ཤག་ཆུ་གྲོང་རྡལ་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཐང་རྒོད་དུ་འགྱུར་བ་དང་། བྱེ་འགྱུར། ས་ཆུ་ཤོར་བ་བཅས་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ལས་དོན་རྒྱ་ཆེར་སྤེལ་ནས་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱ་རྒྱུ་དང་། དམངས་ཕྱུག་དམངས་ཕན་དང་སྣོད་བཅུད་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྣོད་བཅུད་ཁ་གསབ་ལམ་སྲོལ་དང་རྩྭ་ཐང་གི་སྣོད་བཅུད་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ། སྣོད་བཅུད་ཁ་གསབ་དང་སྣོད་བཅུད་དབུལ་སྒྲོལ་གནད་སྨིན་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་སྣོད་བཅུད་གནས་སྤོའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་མང་ཚོགས་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མང་ཚོགས་སྔར་བས་མང་བར་སྣོད་བཅུད་ཀྱི་ཕན་པ་ཐོབ་པ་དང་སྣོད་བཅུད་སྲུང་སྐྱོང་ཁྲོད་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་རེད།

འདི་ནི་ཤག་ཆུ་གྲོང་རྡལ་གྱི་རིག་གནས་ཐང་ཆེན་ཡིན་པ།

འདི་ནི་ཤག་ཆུ་གྲོང་རྡལ་ཤག་ཆུ་ཁའི་འབྱོར་འབྲིང་དཔེ་སྟོན་གྲོང་གསར་གྱི་ཟུར་ཞིག་ཡིན་པ།

འདི་ནི་ཤག་ཆུ་གྲོང་རྡལ་ཤག་ཆུ་ཁའི་འབྱོར་འབྲིང་དཔེ་སྟོན་གྲོང་གསར་ཡིན་པ།