དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རི་རྒོད་ནགས་རིར་གྱུར་པ་དང་ནགས་རི་ནི་གསེར་རི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-25

    543577_yis_1535085120340.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཉང་ཆུའི་གཞུང་ལ་ཐུར་ལྟ་བྱེད་པའི་གནས་ཚུལ་ཡིན་པ། 

    རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པའི་མ་ཕམ་གཡུ་མཚོའི་འདམ་རར་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་རྒྱལ་རྣམ་རང་གི་ལས་ཀ་དེར་ཧ་ཅང་དགའ་པོ་བྱས་ཤིང་ཉིན་ལྟར་སྐོར་གཡེང་དུ་འགྲོ་གི་ཡོད། 

    ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་དཀའ་སྤྱད་ངལ་རྩོལ་བྱེད་མཁན་ཟླ་བར་ཉིན་ལྟར་གླ་ཆ་སྒོར་180ཡོད་པས་སྤྲོ་སྣང་གིས་ཁེངས་བཞིན་ཡོད། 

    སྟག་གདོང་གྲོང་ཚོའི་བདེ་འཇགས་སྲུང་མཁན་རྟ་མགྲིན་གྱིས་སྒོ་འགྲམ་ནས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་བས་འཚོ་བར་རེ་བས་ཁེངས་ཡོད། 

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རིང་སྤྱི་ཚོཌ་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་ལྟ་བ་བརྟན་པོར་བཙུགས་ནས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་དང་། སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱེད་པ། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བ་བཅས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་སྣོད་བཅུད་སྲུང་སྐྱོང་བྱེད་རིང་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་འབབ་འཕར་བྱུང་ཡོད། 

    རྒྱལ་རྣམ་གྱིས་རང་ཉིད་ཀྱི་ལས་ཀར་དགའ་ཞེན་བྱེད་པ།

    དབྱར་གཞུང་གི་ཞོགས་པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ཕམ་གཡུ་མཚོ་འདམ་རའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་རྒྱལ་རྣམ་ཞོགས་པ་སྔ་པོ་ནས་ཕྱིར་ཐོན།“ང་ཉིན་ལྟར་འདམ་རའི་མཐའ་འཁོར་དུ་སྐོར་གཡེང་ལ་བསྐྱོད་ནས་གད་སྙིགས་སྒྲུག་པ་དང་། སྡོང་ཕྲན་ནགས་རྫོབ་ལ་ལྟ་བ། མཚོ་འགྲམ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་བ་བཅས་བྱེད་ཀྱི་ཡོད། ལོ་དེ་དག་རིང་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྔོ་ཁེབས་སྲུང་སྐྱོང་བྱེད་མཁན་སྔར་བས་མང་དུ་འགྲོ་བཞིན་ཡོད་པ་ངས་ཚོར་བྱུང”ཞེས་རྒྱལ་རྣམ་གྱིས་བརྗོད་ཅིང་། ཁོང་གིས“བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ལས་ཀ་འདི་ཡག་པོ་འདུག གང་ལགས་ཤེ་ན་འདིས་ཕ་ཡུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ནུས་པ་གང་ཡོད་འདོན་ཐུབ་ལ་ད་དུང་གླ་ཆའང་ཡོད”ཅེས་བཤད། 

    2017ལོའི་ཟླ་7པར་མ་ཕམ་གཡུ་མཚོ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་པ་སྤར་ཡོད། མིག་སྔར་སྲུང་སྐྱོང་ཁུལ་དུ་དོ་དམ་ས་ཚིགས་6དང་དོ་དམ་བྱ་ཡུལ་3བཙུགས་ཡོད་པར་དོ་དམ་སྲུང་སྐྱོང་བྱེད་མཁན་90ཡིས་རྒྱུན་གཏན་གྱི་དོ་དམ་དང་སྐོར་ཞིབ་ལས་ཀའི་འགན་ཁུར་ནས་ཁོང་ཚོའི་འབད་བརྩོན་འོག་མིག་སྔར་མ་ཕམ་གཡུ་མཚོ་འདམ་རའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་ཐུབ་ཡོད། 

    ལྗོངས་ཡོངས་སུ་རྒྱལ་རྣམ་དང་འདྲ་བར་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་ཡོང་འབབ་གསོག་མཁན་མང་ཚོགས་ཁྲི་60ལྷག་ཙམ་ཡོད་པ་དང་མི་རེར་དངུལ་སྨར་གྱི་ཡོང་འབབ་སྒོར་3000རག་གི་ཡོད། 

    ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཁོར་ཡུག་གི་ཆོག་འཐུས་དང་ལྟ་སྐུལ་དོ་དམ་ནན་དུ་གཏོང་བ་དང་ཁོར་ཡུག་དཔྱད་དཔོག་གི་ཞིབ་མཆན་ཞབས་འདེགས་གོང་མཐོར་ཧུར་ཐག་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མ་འཚམ་པའི་འཛུགས་སྐྲུན་རྣམ་གྲངས་རིགས་ལ“སྤ་སེ་གཅིག་གིས་ཁྲུ་སློག”གི་ཡོད། དེ་དང་ཕྱོགས་མཚུངས་ངལ་རྩོལ་ནུས་ཤུགས་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱིར་སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཁྲི་62མཁོ་འདོན་བྱས་ནས་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་18.6དོན་འཁྱོལ་བྱུང་ཡོད། ལྗོངས་ཞིང་འབྲོག་ཐིང་གིས་རྩྭ་ལས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་གཞིས་རྩེ་དང་ནག་ཆུར“ལྷོ་རྩྭས་བྱང་ཕྱུགས་གསོ་བ”ཁྱབ་གདལ་བཏང་སྟེ་འདེབས་འཛུགས་བྱེད་མཁན་ལ་རྫོང་དང་གྲོང་ཁྱེར་ས་ཁུལ་ལས་བསྒྲལ་ནས་ཕྱིར་ཚོང་ལ་སྐུལ་ལྕག་གཏོང་བ་དང་ཞིང་འབྲོག་ཟུང་འབྲེལ་དང་། རྩྭ་ཕྱུགས་གལ་ཆེ་མཉམ་འཛིན། རྩྭ་ཕྱུགས་གཞི་གཅིག་ཅན་གྱི་སྒོ་ནས་འཕེལ་རྒྱས་བཏང་སྟེ་ལྗོངས་ཡོངས་ཀྱི་རྩྭ་ལས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་12ཙམ་ཟིན་པ་བྱས་ཡོད།

    ཟླ་བས་ཡོང་འབབ་ལ་འདོད་བློ་ཁེངས་པ།

    “ཉིན་གཅིག་ལ་གླ་ཆ་སྒོར་180ཡོད་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ཙམ་ཡོད”ཅེས་བྱེ་འཇགས་ཀྱི་ལས་ལ་གཞོལ་བཞིན་པའི་ཟླ་བ་ཉི་གཡབ་ཅིག་གི་འོག་ཏུ་བསྡད་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་རྒྱ་སྐད་ཁྱ་རེ་ཁྱོ་རེར་གསར་འགོད་པ་དང་སྤེལ་རེས་བྱས་བྱུང་། ཁོང་གིས་ང་གྲ་ནང་རྫོང་གྲ་ཕྱི་ཤང་ནོར་སྟོད་གྲོང་ཚོ་ནས་ཡིན། ལས་ཀ་བྱ་ཡུལ་ཁྱིམ་དང་ཐག་རིང་པོ་དེ་ཙམ་མེད་པས་ཁྱིམ་ལ་ལྟ་རྟོག་ཐུབ་ལ་ཡོང་འབབ་ཀྱང་འཕར་ནས་འདོད་བློ་ཁེངས་སོང་ཞེས་བཤད། 

    རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ལྷོ་ཁ་གྲོང་ཁྱེར་ནི་མིག་སྔར་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་འབའ་ཞིག་དེ་རེད། དཔེ་སྟོན་ཁུལ་དུ་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དང་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་ཚུད་ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི་5ཙམ་ཟིན་པར་མ་དངུལ་སྒོར་ཁྲི་3000ཙམ་གཏོང་རྩིས་ཡོད་པ་དེས་བྱེ་འགྱུར་རྒྱ་ཁྱོན་མུའུ་13000ལྷག་ཙམ་ཚོད་འཛིན་ནུས་ལྡན་ཐུབ་སྲིད། 

    རྟ་མགྲིན་གྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་པ།

    སྟག་གདོང་གྲོང་ཚོ་ལྷ་ས་ནས་བར་ཐག་སྤྱི་ལེ་18ཀྱི་སར་ཡོད། དེ་གར་འགྲིམ་འགྲུལ་སྟབས་བདེ་བ་དང་། རང་བྱུང་ཡུལ་ལྗོངས་མཛེས་པ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས“ཉི་འོད་ཀྱི་འོག་ཏུ་གནས་པའི་རི་གྲོང”ཞེས་བརྗོད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་གནའ་བོའི་གྲོང་སྡེའི་ཉམས་འགྱུར་ལོ་ངོ་སྟོང་རྒྱུན་འཛིན་བྱས་ཡོད་པ་དེ་མི་ཚོས་དེ་ཙམ་རྟོགས་ཀྱི་མེད། 

    ཉེ་བའི་ལོ་གཉིས་རིང“སྟག་གདོང་གྲོང་ཚོའི་བཀོད་པ་བཅོས་སྐྱོང་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས”ལག་ལེན་བསྟར་བས་སྟག་གདོང་གྲོང་ཚོར་ཐོན་ལས་ཀྱི་གྲུབ་ཆ་རིམ་སྤོར་ལེགས་སྒྲིག་བྱུང་ནས་ས་གནས་ཀྱི་ཡུལ་མི་ཚོས་སྒོ་འགྲམ་ནས“ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་གི”ཡོད། 

    ལོ་ཉི་ཤུ་ལྷག་སོན་པའི་རྟ་མགྲིན་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ལྡན་ཡོད། ཁོང་ཁྱིམ་ལ་ས་ཞིང་མུའུ་18ཡོད་ཀྱང་ཡུལ་སྐོར་རྣམ་གྲངས་གསར་སྤེལ་མ་བྱས་གོང་བསགས་དངུལ་སྤྱིར་ན་མེད། ཉེ་བའི་ལོ་གཉིས་རིང་རྣམ་གྲངས་རྒྱུན་ཆད་མེད་པར་ལག་ལེན་བསྟར་བ་བརྒྱུད་རྟ་མགྲིན་མཛེས་ལྗོངས་ཁུལ་གྱི་བདེ་སྲུང་བར་གྱུར་པ་དང་ཟླ་རེར་སྒོར་3000ལྷག་ཙམ་གྱི་ཡོང་འབབ་ཀྱིས་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་རྒྱུར་ཁོང་ལ་ཡིད་ཆེས་ཆེན་པོ་ཡོད། “ཐག་རིང་དུ་འགྲོ་མི་དགོས་པར་ཁྱིམ་མི་ཡོངས་ཀྱི་འཚོ་བ་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ཁྱིམ་ལ་ལྟ་རྟོག་ཀྱང་ཐུབ་པས་ལས་ཀ་འདི་ཡག་པོ་འདུག”ཅེས་རྟ་མགྲིན་གྱིས་བཤད། 

    “སྔོན་མ་ང་ཚོའི་གྲོང་ཚོར་ཐོན་ལས་གང་ཡང་མེད། ཡུལ་མི་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཞིང་ལས་ལ་བརྟེན་པ་དང་འབབ་འཕར་གྱི་གོ་སྐབས་ཀྱང་ཉུང་ཉུང་རེད། 2016ལོར་སྟག་གདོང་གྲོང་ཚོ་ཡོངས་ལ་སྒྱུར་བཀོད་ཀྱི་རྣམ་གྲངས་ལག་ལེན་བསྟར་རྗེས་ཡུལ་མི་ཚོར་ལས་ཀ་ཡོད་པ་མ་ཟད། ལོ་མཇུག་ཏུ་ད་དུང་རྣམ་གྲངས་ནས་ཁེ་སྤོགས་ལེན་རྒྱུ་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྣེའུ་ཤང་སྟག་གདོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་། རྣམ་གྲངས་དེས་ས་གནས་ཀྱི་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། ད་དུང་ཡུལ་སྐོར་བར་དེང་རབས་དང་ལོ་རྒྱུས་དང་། སྣོད་བཅུད་དང་འཕེལ་རྒྱས་ཞི་མཐུན་གྱི་ཡུལ་སྐོར་གྱི་ཉམས་མྱོང་གསར་པ་ཐོབ་ཡོད། མིག་སྔར་སྟག་གདོང་གྲོང་ཚོ་བོད་ཀྱི་གྲོང་གསེབ་འཕེལ་རྒྱས་གཏོང་བའི་དམངས་སྲོལ་ཡུལ་སྐོར་གྱི་དཔེ་སྟོན་ཚད་ཤིང་དུ་གྱུར་ཡོད། 

    སྟག་གདོང་གྲོང་ཚོའི་འཕོ་འགྱུར་ནི་རང་ལྗོངས་ཀྱིས་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་མཚོན་བྱེད་ཙམ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་ཡུལ་སྐོར་ལས་ཀ་བྱེད་མཁན་མི་ཁྲི་12.5ཟིན་པ་དེ་2016ལོའི་ལོ་མཇུག་ལས་མི་ཁྲི་1.5མང་དུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ཟིན་ཡོད། ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད། ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ལས་གྲོང་ཚོ་313སྟེ་དུད་ཚང་དབུལ་པོ་8171གི་མི་འབོར་དབུལ་པོ་29346དབུལ་སྒྲོལ་ཐུབ་པས། མང་ཚོགས་དབུལ་པོ་ཡུལ་སྐོར་ཞབས་འདེགས་ལ་ཞུགས་འདོད་རིམ་བཞིན་ཆེ་རུ་ཕྱིན་ནས་ཡོང་འབབ་བརྟན་པོའི་ངང་འཕར་ཏེ་ཡུལ་སྐོར་དབུལ་སྐྱོར་བྱེད་སྟངས་མང་པོ་བྱུང་ཡོད། 

    ཡུལ་སྐོར་ལས་རིགས་ནི་དཔེ་མཚོན་ལྡན་པའི་ལྗང་མདོག་ཐོན་ལས་ཤིག་གི་ཆ་ནས། རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་གི་འཕར་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ལོའི་ལོ་སྟོད་དུ། ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དགུན་ཁའི་ཡུལ་སྐོར་ལ་ཡང་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1115.61ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་29.6%འཕར་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་124.68ཟིན་པ་དེ་དུས་མཚུངས་ལས་34.7%འཕར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།