འདི་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་བར་ལའི་ཕུག་ལམ་གྱི་འཛུགས་སྐྲུན་པས་ཕུག་ལམ་ཡོངས་སུ་ཏལ་འབིགས་ཐུབ་པར་རྟེན་འབྲེལ་ཞུ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་ཆུ་ཚོད་15དང་སྐར་མ་40ཙམ་ལ་རྫས་མེའི་སྒྲ་ཆེན་པོ་ཞིག་གྲགས་པ་དང་ཆབས་ཅིག་ལྷ་ས་ནས་ཉིང་ཁྲིའི་བར་གྱི་རིམ་མཐོའི་གཞུང་ལམ་བར་ལའི་ཕུག་ལམ་འཛུལ་སྒོའི་གཡོན་ངོས་ཀྱི་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་ལས་བར་ལའི་ཕུག་ལམ་ཆ་ཚང་ཏལ་འབིགས་ཐུབ་པ་མཚོན་པ་དང་། འདི་ལོའི་ཟླ་10པར་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བཏིང་བ་རེད།
བར་ལ་ཕུག་ལམ་ནི་ཁྲོན་བོད་ལམ་ཐིག(རྒྱལ་ལམ་318)ལྷ་ཉིང་དུམ་བུའི་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་སྤྱིའི་རིང་ཚད་སྨི་5720ཟིན་ཞིང་། གཡས་ངོས་ཀྱི་ཕུག་ལམ་འདི་ལོའི་ཟླ་6པར་ཏལ་འབིགས་ཐུབ་ཡོད། ཕུག་ལམ་འདི་ནི་ཕྱོགས་གཉིས་ཁ་གྱེས་པའི་ཕུག་ལམ་ཡིན་པ་དང་ཕྱོགས་གཉིས་ལ་འཁོར་ལམ་བཞིའི་རིམ་མཐོའི་གཞུང་ལམ་གྱི་ཚད་གཞིར་གཞིགས་ཏེ་བསྐྲུན་པ་ཞིག་རེད།
བར་ལ་ཕུག་ལམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4750ཟིན་པ་དང་མཐོ་གྲང་དང་གསོ་རླུང་དཀོན་པ་ནི་བར་ལ་ཕུག་ལམ་གྱི་རྣམ་གྲངས་ཨར་ལས་བྱེད་རིང་འཕྲད་པའི་དཀའ་གནད་ཆེ་ཤོས་དེ་རེད། ཕུག་ལམ་ཏལ་འབིགས་ཀྱི་ཨར་ལས་ཚོགས་ཆུང་གི་འགན་འཁུར་བ་ལི་ཆང་གིས“ཕུག་ལམ་ནང་གསོ་རླུང་འདུས་ཚད་ཉུང་བས་ལས་བཟོ་ཚོ་ལས་ཀ་ཆུ་ཚོད་གཉིས་ཙམ་ལས་མ་བྱས་ཀྱང་མགོ་ཡུ་འཁོར་བ་དང་ལུས་ཤུགས་ཉམས་ཀྱི་ཡོད། ཕུག་ལམ་ནང་ཆུ་མང་པོ་ཡོད་པས་ཕུག་ལམ་འདྲུ་བའི་ལས་དོན་ལ་དེ་བས་དཀའ་ཚེགས་ཆེན་པོ་འཕྲད་ཡོད”ཅེས་བཤད་པ་རེད།
མིག་སྔར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པ་དང་བཅུ་གཉིས་པས་མཉམ་དུ་བསྐྲུན་འགན་འཁུར་བ་ཞིག་རེད། ཀྲུང་གོ་ལྕགས་ལམ་ཅུས་གཉིས་པ་བར་ལའི་ཕུག་ལམ་རྣམ་གྲངས་དང་པོའི་སྤྱི་གཉེར་པུའི་ལས་ཡུལ་དངོས་ཀྱི་ལག་རྩལ་འགན་འཁུར་བ་ཀྲང་ཧའོ་ཡིས་2015ལོའི་ཟླ་དང་པོར་ཨར་ལས་བྱེད་འགོ་བཙུགས་ཚུན་ལས་བཟོ་2000ལྷམ་ཙམ་གྱིས་ཉིན་མཚན་1000ལྷག་ཙམ་རིང་སྔ་རྗེས་སུ་མཐོ་གྲང་དང་གསོ་རླུང་དཀོན་པ་དང་། ཕུག་ལམ་ནང་ཆུ་མང་བ་སོགས་ཀྱི་ས་མཐོའི་ཨར་ལས་ཀྱི་དཀའ་གནད་ཁྱད་དུ་བསད་ཡོད་ཅེས་བཤད་པ་རེད།
ལྷ་ཉིང་གཞུང་ལམ་ནི་བོད་ཤར་དང་བོད་དབུས་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཀྱང་ཡིན་པས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། ལམ་རྒྱུད་ཀྱི་མང་ཚོགས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ལྷ་ཉིང་གཞུང་ལམ་ཧྲིལ་པོར་རིང་ཚད་སྤྱི་ལེ་400ཙམ་ཟིན་པ་དང་ཚོད་རྩིས་བྱས་ན་ཁྱོན་མ་འཇོག་སྒོར་དུང་ཕྱུར་380ཟིན་ཡོད། སྔོན་དཔག་བྱས་ན་འདི་ལོའི་ཟླ་10པར་ལམ་ཐིག་ཆ་ཚང་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་དང་སྐབས་དེ་དུས་རླངས་འཁོར་བཏང་སྟེ་ལྷ་ས་ནས་ཉིང་ཁྲིར་སྐྱོད་པའི་དུས་ཚོད་ཧ་ཅང་ཐུང་དུ་འགྲོ་རྒྱུ་རེད།