ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། དབྱར་ཁ་ཤར་ཚུན། མངའ་རིས་ཀྱི་ཞང་ཞུང་རིག་གནས་དུས་ཆེན་དང་། ལྷ་སའི་ཞོ་སྟོན། སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སོགས་བོད་ཀྱི་མི་རིགས་ཀྱི་དུས་སྟོན་བྱེད་སྒོ་རབ་དང་རིམ་པ་རྒྱུན་ཆད་མེད་པར་སྤེལ་བ་ལས་དེས་དབྱར་དུས་སུ་བོད་དུ་ཡུལ་སྐོར་ལ་ཡོང་མཁན་སྔར་བས་མང་དུ་འགྲོ་རྒྱུ་ཡིན་པ་རེད།
སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་7ཚེས་28ཉིན་མངའ་རིས་ས་ཁུལ་དུ་སྤེལ་ཞིང་། དུས་ཆེན་རིང་རིག་རྩལ་སྤེལ་རེས་ཀྱི་ཆེད་དོན་སྐོང་འཁྲབ་དང་། ཚོང་འདུས་དང་ཡུལ་སྐོར་དྲན་རྟེན་དངོས་རྫས་འགྲེམས་ཚོང་འདུ་ཚོགས། ས་འོག་ནས་ཐོན་པའི་རིག་དངོས་དང་མཛེས་སྡུག་ལྡན་པའི་མངའ་རིས་ཀྱི་པར་རྒྱག་འགྲེམས་སྟོན། སྲོལ་རྒྱུན་རྟ་རྒྱུག མཚན་མོའི་སྤྱི་གླིང་གནམ་དཔྱད་ཀྱི་བརྗོད་དོན་གཙོ་བོ་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་ཡོད་པ་རེད།
ལོ་གཅིག་དུས་གཅིག་གི་ལྷ་སའི་ཞོ་སྟོན་ཟླ་8ཚེས་11ནས་ཚེས་17ཉིན་བར་རྒྱུན་མཐུད་དེ་འཚོག་རྒྱུ་ཡིན་པ་དང་། དུས་ཆེན་རིང་འགོ་ཚུགས་མཛད་སྒོ་དང་། གོས་སྐུ་འགྲེམས་པ། ཐང་ག་འགྲེམས་སྟོན། ལྷ་མོའི་འགྲན་ཆེན། རྟ་རྩལ་འཁྲབ་སྟོན། མི་རིགས་ཀྱི་གྱོན་ཆས་འགྲེམས་སྟོན་སོགས་བྱེད་སྒོ་ཁག་10ཚུད་ཡོད་པ་རེད།
ཞོ་སྟོན་མཇུག་འགྲིལ་རྗེས། སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཟླ་9ཚེས་7ནས་ཚེས་11ཉིན་བར་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་སུ་འཚོག་རྒྱུ་ཡིན་པ་དང་། འགྲེམས་ཚོགས་དེར་གཙོ་བོ་དགའ་བསུའི་སྣེ་ལེན་ཚོགས་འདུ་དང་། འགོ་ཚུགས་མཛད་སྒོ། འགྲེམས་ཁང་ཁག་ཏུ་སྐོར་སྐྱོད་འགྲེམས་སྟོན། ཐོན་རྫས་འགྲེམས་ཚོང་། གླེང་སྟེགས། ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་སོགས་མང་པོ་ཡོད་པ་མ་ཟད་ད་དུང“བོད་ཀྱི་ཕྱག་རྟགས”དང“བོད་ཀྱི་བྲོ་བ” “བོད་ཀྱི་འགྲུལ་ཁང” “བོད་ཀྱི་རོལ་དབྱངས་ཀྱི་འགྱུར་ཁུག”སོགས་ཁྱད་ལྡན་འགྲེམས་སྟོན་གྱི་ནང་དོན་ཡང་ཡོད་པ་རེད།
འདི་ལོ་ཚུན་དུ། བོད་ཀྱི་ཁུལ་ཡོངས་དང་དུས་གཏན་གྱི་སྲིད་ཇུས་སྐུལ་འདེད་འོག ས་མཐོར་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་སོང་ཞིང་། བསྡོམས་རྩིས་ལ་གཞིགས་ན། ལོ་སྟོད་དུ་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་མ་མི་ཐེངས་ཁྲི་1115.61ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་བཅུ་ཆ་གསུམ་འཕར་ཡོད་པ་རེད།