ཉེ་ཆར་གསར་འགོད་པར་2018ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་གྱི་ཆེད་དོན་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དགུན་དུས་ཡུལ་སྐོར་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་སྔར་བས་ཁྱབ་གདལ་བཏང་ཐོག་ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་པའི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། རིམ་རྩིས་བརྒྱབ་ན་ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1115.61ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་29.6%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་124.68ཟིན་ནས་དུས་མཚུངས་ལས་34.7%འཕར་བ་རེད།
རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་རང་ལྗོངས་ཀྱི་ཕྱིར་ཚོང་གསར་གཏོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རུ་ཁག་གི་སྣེ་ཁྲིད་དེ་ཀྲུའུ་ཧའེ་དང་། པེ་ཅིང་། ཧྲང་ཧའེ་བཅས་སུ“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ས་ཁུལ་དང་གྲོང་ཁྱེར་7གྱིས་དགུན་དུས་ཀྱི་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ“དགུན་དུས་བོད་དུ་ཡུལ་སྐོར་བྱེད། མཛེས་སྡུག་ལྡན་པའི་318”ཅེས་པའི་ཡུལ་སྐོར་ལམ་ཐིག་ཁྱབ་གདལ་བཏང་བར་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་ས་ཁུལ་ཁག་སྒྲིག་འཛུགས་ཀྱིས་ཡུལ་སྐོར་བའི་ཡོང་ཁུངས་གཙོ་བོའི་ཞིང་ཆེན(གྲོང་ཁྱེར)དུ་བསྐྱོད་ནས་དྲིལ་བསྒྲགས་ཕྱིར་ཚོང་ཐེངས་20ལྷག་ཙམ་བྱས་པས་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས་རྒྱ་ཆེའི་ཡུལ་སྐོར་བའི་དོ་ཁུར་ཆེན་པོ་ཐོབ་པ་རེད།