མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ།
དཀར་ཆག
གླེང་གཞི།
གཅིག སྣོད་བཅུད་ཤེས་དཔལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་།
གཉིས། སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་མངོན་གསལ་དོད་པ།
གསུམ། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་བརྟན་པོ་ཡོད་པ།
བཞི། ལྗང་མདོག་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ།
ལྔ། ཚན་རྩལ་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་བཙུགས་པ།
དྲུག སྣོད་བཅུད་རིག་གནས་རིམ་བཞིན་ཆགས་པ།
མཇུག་བསྡུའི་གཏམ།
གླེང་གཞི།
མཚོ་བོད་ས་མཐོ་ཀྲུང་གོའི་ལྷོ་ནུབ་རྒྱུད་དུ་གནས་པ་དང་དེའི་ཁོངས་སུ་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཡོངས་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ས་ཆ་ཁ་ཤས་ཚུད་ཡོད། མཚོ་བོད་ས་མཐོའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་260ཟིན་པ་དང་ས་ཁུལ་མང་ཆེ་བའི་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་ཡོད། མཚོ་བོད་ས་མཐོར“འཛམ་གླིང་གི་ཡང་རྩེ”དང་། “ས་གོ་ལའི་སྣེ་གསུམ་པ” “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”བཅས་བརྗོད་ཀྱི་ཡོད། མཚོ་བོད་ས་མཐོ་ནི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རང་བྱུང་འཚོ་གནས་ཁུལ་དང་ས་མཐོའི་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་དང་། ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན། ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གཙོ་གནད་ས་ཁུལ་གྲས་ཤིག་བཅས་ཡིན།
ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བའི་རྩ་བའི་ཇུས་ཆེན་དུ་བརྩིས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་དང་དེ་བཞིན་སྤྱི་ཚོགས་འཛུགས་སྐྱོང་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ནང་བཅུག་ཡོད། ཀྲུང་གོས་ཀྱང་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཤུགས་ཆེན་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཚེ་སྲོག་ལ་གཅེས་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་འཛིན་བྱེད་པ། ཡ་རབས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱས་ཡོད།
མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གིས་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་ཤུགས་རྐྱེན་ཐེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་འཕེལ་རྒྱས་དང་འབྲེལ་བའི་དོན་ཆེན་ཞིག་ཏུ་བརྩི་གི་ཡོད། མིག་སྔར། མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་། སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་མངོན་གསལ་དོད་པ། ཁོར་ཡུག་སྤུས་ཚད་བརྟན་ལ་ལེགས་པ། ལྗང་མདོག་ཐོན་ལས་འཕེལ་རྒྱས་བརྟན་པོ་ཡོད་པ། ཚན་རྩལ་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་བཙུགས་པ། སྣོད་བཅུད་རིག་གནས་རིམ་བཞིན་ཆགས་པ་བཅས་བྱུང་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ནུས་པ་མངོན་བཞིན་ཡོད།
གཅིག སྣོད་བཅུད་ཤེས་དཔལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།
རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་ས་མཐོའི་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།
སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་གཟུགས་བེད་མེད་དངོས་པོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་དཔྱད་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》སོགས་བཟོས་པའམ་བཟོ་བཅོས་བརྒྱབ་པ་དང་། བཅའ་ཁྲིམས་དེ་དག་བཟོས་པའམ་ལག་བསྟར་བྱས་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ས་ཁོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་བཅའ་ཁྲིམས་ལམ་ལུགས་ཀྱིས་འགན་ལེན་གལ་ཆེན་བྱས་ཡོད།
2015ལོར། 《སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང《སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྤྱི་ཡོངས་ཀྱི་ཇུས་གཞི》ཁྱབ་བསྒྲགས་བྱས་པའི་ནང་དུ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་ཀྱི་སྤྱིའི་བླང་བྱ་དང་། དམིགས་ཚད། ལས་འགན་གཙོ་བོ། ལམ་ལུགས་མ་ལག་བཅས་གསལ་པོར་བཏོན་པའི་ཁར་ལམ་ཐིག་དང་དུས་ཚོད་རེའུ་མིག་ཀྱང་ཁ་གསལ་བཟོས་ཡོད། མིག་སྔར། ཀྲུང་གོས་རྒྱལ་ཡོངས་ལ་ཁྱབ་པའི་བྱེད་ནུས་ཁུལ་གཙོ་བོའི་ལམ་ལུགས་དང་ཐོན་ཁུངས་ཁོར་ཡུག་དོ་དམ་ལམ་ལུགས་བཙུགས་ཡོད་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་ཁྱབ་ཡོད་པ་དང་། ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཁྲིམས་བསྟར་ལ་ཐད་ཀར་དོ་དམ་ཐུབ་པ་མ་ཟད་ད་དུང་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་དང་དེ་བཞིན་སྦགས་བཙོག་དངོས་པོ་ཕྱིར་འབུད་ཚོད་འཛིན་ཆོག་འཐུས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད། ཆུ་བོ་ཁག་གི་རྒྱུག་ཁུལ་ལྟར་ཁོར་ཡུག་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞི་འཛུགས་པའི་ཚོད་ལྟའི་ལས་དོན་སྤེལ་ནས་ཆུ་བོ་ཁག་གི་རྒྱུག་ཁུལ་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཁྲིམས་བསྟར་བྱེད་པའི་མཉམ་ཤུགས་ཆེ་རུ་བཏང་སྟེ། ཆུ་བོ་ཁག་གི་རྒྱུག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་ཚད་གཞི། གཅིག་གྱུར་ཁོར་ཡུག་གདེང་འཇོག གཅིག་གྱུར་ལྟ་ཞིབ་ཚད་ལེན། གཅིག་གྱུར་ཁྲིམས་བསྟར་བཅས་བྱུང་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དམིགས་ཚད་ལ་གདེང་འཇོག་དཔྱད་ཞིབ་བྱེད་པ་དང་འགོ་ཁྲིད་ལས་བྱེད་པའི་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་ནོར་རྒྱུ་རྩིས་བཤེར་བྱེད་པ་སོགས་ཀྱི་ལྟ་སྐུལ་ལམ་སྲོལ་བཙུགས་པས། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཁ་གསལ་ཡོད་པ་དང་བདའ་འདེད་ནན་པོ་བྱེད་པའི་འགན་འཁྲིའི་ལམ་ལུགས་ཀྱི་འབྲེལ་ཐག་ཅིག་ཆགས་ནས“ཏང་སྲིད་གཉིས་ཀྱིས་འགན་འཁྲི་མཉམ་འཁུར་བྱ་རྒྱུ”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་རྒྱུ”དོན་འཁྱོལ་བྱུང་ཡོད། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཅིག་གྱུར་ངང་གཏན་འཁེལ་ཐོ་འགོད་དང་རང་བྱུང་སྣོད་བཅུད་བར་མཐོངས་ཀྱི་སྤྱོད་སྒོ་དོ་དམ་བྱེད་ཐབས་དང་། དམངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཚང་མ་རིན་དོད་ཡོད་པའི་བེད་སྤྱོད་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་མཛུབ་ཁྲིད་བསམ་འཆར་བཟོས་ཏེ། “ཁྲིམས་སྲོལ་མང་པོ་གཅིག་སྒྲིལ”དང་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་སོགས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་ཡོད། སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བའི་ཁར་ས་ཁུལ་བརྒལ་བའི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞིའི་སྣོད་བཅུད་ཁོར་ཡུག་གནོད་སྐྱོན་གྱི་གུན་གསབ་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་ཡང་བཙུགས་པ་རེད།
དེ་དང་ཆབས་ཅིག་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ལག་བསྟར་བྱ་ཐབས་བཟོས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས《རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར》《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་བྱ་ཐབས》སོགས་བཟོས་ཡོད། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་གི་སྤྱིའི་ཇུས་གཞི》དང་། 《མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྐུལ་འདེད་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་ཁུལ་གཏོད་པའི་བྱ་སྤྱོད་ཀྱི་ཇུས་གཞི》སོགས་བཟོས་ཡོད། སི་ཁྲོན་ཞིང་ཆེན་གྱིས《སི་ཁྲོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག》སོགས་བཟོས་ཡོད། ཀན་སུའུ་ཞིང་ཆེན་གྱིས《ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག》སོགས་བཟོས་ཡོད། ཡུན་ནན་ཞིང་ཆེན་གྱིས《བདེ་ཆེན་ཀྲོའུ་ཡི“ཆུ་བོ་གཉིས”རྒྱུག་ཁུལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད》དང《ཡུན་ནན་ནུབ་བྱང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བྱ་སྤྱོད་འཆར་གཞི》སོགས་བཟོས་ཡོད། མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཚང་མའི་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་སྤྱིར་ན་གྲུབ་ཡོད་པ་རེད།
རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་རགས་ཙམ་ཆགས་པ།
རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། རང་བྱུང་མ་རྩ་དང་སྣོད་བཅུད་མ་ལག་གི་ཞབས་ཞུ་སྲུང་སྐྱོང་། རྒྱལ་ཁབ་དང་ཐ་ན་གོ་ལ་ཧྲིལ་པོའི་དམངས་ཚོགས་ཀྱི་བདེ་རྩ་འགན་སྲུང་བཅས་བྱེད་པའི་དོ་དམ་བྱེད་ཐབས་གལ་ཆེན་ཞིག་ཡིན། མིག་སྔར་མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་དེ་རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོ་ཡིན་པ་ནས་རྒྱལ་ཁབ་ཀྱི་སྤྱི་གླིང་ཉིད་གཙོ་བོར་བྱེད་པར་འགྱུར་བཞིན་ཡོད་པ་རེད།
1963ལོར་མཚོ་བོད་ས་མཐོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ(ད་ཆ་ཆུ་དཀར་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན)དང་པོ་བཙུགས་པ་དང་། 1994ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་རྗེས། རང་བྱུང་སྲུང་སྐྱོང་ཁུལ་གྱི་རིམ་པའི་མ་ལག་དང་། དོ་དམ་སྒྲིག་གཞི། བྱེད་ནུས་ཁུལ་བཅས་ཁ་གསལ་བཟོས་ནས། མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དེ་མགྱོགས་ལ་བརྟན་པའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད། མིག་སྔར། མཚོ་བོད་ས་མཐོར་རིམ་ཁག་རང་བྱུང་སྲུང་སྐྱོང་ཁུལ155(དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་41དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་6ཡོད)
བཙུཌ་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་82.24ཟིན་པ་དེས་ས་མཐོའི་སྤྱིའི་རྒྱ་ཁྱོན་གྱི་31.63%ཙམ་དང་ཀྲུང་གོའི་སྐམ་སའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་57.56%བཟུང་ནས། ས་མཐོའི་ཐུན་མོང་མ་ཡིན་པ་དང་ཉམས་ཞན་གྱི་སྣོད་བཅུད་མ་ལག་དང་དེ་བཞིན་རྩ་ཆེའི་སྐྱེ་དངོས་རིཌ་ཀྱི་ཐོན་ཁུངས་དག་ལ་གཞི་རྩའི་ཆ་ནས་ཁྱབ་ཡོད།
སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུ་བཏོན་པ་དང་། 2016ལོར་རྒྱལ་ཁབ་ཀྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ཇུས་གཞིར》དངོས་སུ་ཆོག་མཆན་གནང་བ་དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟ་ཁུལ་ཐེངས་དང་པོ་ཡིན་པ་དང་། དེའི་ལྟེ་བ་ནི་གཙང་གསུམ་ཆུ་འགོའི་རང་བྱུང་སྣོད་བཅུད་ཐོན་ཁུངས་གལ་ཆེན་རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཆེད་ཡིན། མཚོ་སྔོན་ཞིང་ཆེན་གྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཟོས་ཏེ་སྤྱི་གླིང་རང་ནས་བརྟག་དཔྱད་དང་། སྲུང་སྐྱོང་བྱ་ཡུལ། བདག་དབང་ལམ་ལུགས། རྒྱུ་ནོར་གྱི་བུ་ལོན་ཟུག་པའི་རེའུ་མིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན། རིག་གནས་ཤུལ་བཞག་སྲུང་སྐྱོང་། སྣོད་བཅུད་ཁ་གསབ། གེགས་འགོག་གེགས་སེལ། ནད་ཡམས་བརྟག་ཞིབ་སོགས་ཀྱི་ཐད་ནས་སྤྱི་གླིང་དོ་དམ་གྱི་གཏན་འབེབས་ཁ་གསལ་བྱས་ཡོད། 2018ལོའི་ཟླ་1པོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》པར་འགྲེམས་བྱས་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་དང་། སྤྱིའི་བཀོད་ཇུས། བྱེད་ནུས་ཀྱི་ངེས་གནས། དོ་དམ་གྱི་དམིགས་ཚད་སོགས་སྔར་བས་ཁ་གསལ་བྱུང་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱིས་མཚོ་བོད་ས་མཐོ་དང་ཉེ་འཁོར་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཆེད་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་རྒྱུ་ཡིན་པ་རེད།
སྣོད་བཅུད་ཁ་གསབ་ལམ་ལུགས་གཏན་འཁེལ་བྱུང་བ།
སྣོད་བཅུད་ཁ་གསབ་ལམ་ལུགས་ནི་རྒྱལ་ཁབ་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོར་སྣོད་བཅུད་བྱེད་ནུས་ཁུལ་ལ་སྤོ་སྒྱུར་གཏོང་སྤྲོད་དང་། ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ཀྱི་བྱ་དགའ། འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ་སོགས་སྣོད་བཅུད་ཁ་གསབ་ལམ་ལུགས་བཙུགས་ཡོད། 2008ལོ་ནས་2017ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་ལ་མ་དངུལ་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར་162.89དང་སྒོར་དུང་ཕྱུར་83.49བྱས་པ་དང་། ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་གཙོ་གནད་སྣོད་བཅུད་རྫོང་ཁོངས་77དང་རྒྱལ་ཁབ་རིམ་པའི་བཀག་སྡོམ་གསར་སྤེལ་ཁུལ་ཚང་མར་ཁྱབ་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་པའི”(2001ལོ་ནས་2005ལོ་བར)ཚུན་དུ་བོད་རང་སྐྱོང་ལྗོངས་ལ་རྒྱལ་ཁབ་ཀྱིས་ནགས་ཚལ་དང་། རྩྭ་ཐང་། འདམ་ར། གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་སོགས་ལ་བཏང་བའི་སྣོད་བཅུད་ཁ་གསབ་ཀྱི་མ་དངུལ་སྣ་ཚོགས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་316བཏང་ཡོད་པ་རེད། དེའི་ནང“ལོ་ལྔ་ཚན་བཅུ་གཉིས་པའི”(2011ལོ་ནས་2015ལོ་བར)རིང་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་བོད་ཀྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་108.8སྤྲད་པ་རེད། 2015ལོ་ཚུན་དུ་རང་སྐྱོང་ལྗོངས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་བཟོས་པའི་གནད་དོན་གྱི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། སྒོར་ཁྲི་8500བཏང་སྟེ་འབྲོག་པར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་བཟོས་པའི་གྱོང་གུན་གསབ་རོགས་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་འཛུགས་སྐྱོང་བྱེད་པའི་ཐད་རྒྱལ་ཁབ་ཀྱིས་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། 2013ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་164བཏང་སྟེ་རྩྭ་ཐང་དང་། ནགས་ཚལ། འདམ་ར་སོགས་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་རིགས་ཀྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལག་ལེན་བསྟར་བ་རེད། སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་ཟུང་འབྲེལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་སྤྱི་ཕན་བདག་སྐྱོང་པའི་ལམ་ལུགས་ཁྱབ་གདལ་བཏང་སྟེ་ལོ་ལྟར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་8.8གཏོང་གི་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གཉིས་པ”ཚུན་དུ་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་པའི་དུད་ཚང་ཁྲི་62.23གྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། མི་ཁྲི་162.4ཡིས་དྭངས་གཙང་གི་ཆུ་འཐུང་ཐུབ་པ་དང་གློག་མེད་པའི་མི་འབོར་ཁྲི་65ལ་གློག་བརྟན་པོ་མཁོ་འདོན་ཐུབ་སྟེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་ཕྱིན་པ་རེད། ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་2009ལོ་ནས་བཟུང་སྤྱི་ཕན་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ལམ་ལུགས་ལག་ལེན་བསྟར་ཞིང་། 2017ལོར་སླེབས་སྐབས་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་11.03བཏང་བ་རེད། 2017ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་ཡིས་མཉམ་སྡེབ་ཀྱི་སྤྱི་ཕན་ནགས་ཚལ་སྤྱི་ཆིང་ཁྲི་128.23དང་སྤྱི་ཆིང་ཁྲི་69.60དོ་དམ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། སྤྱི་ཕན་ནགས་ཚལ་ལ་སྣོད་བཅུད་ཕན་འབྲས་ཀྱི་ལོ་འཁོར་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.84དང་སྒོར་དུང་ཕྱུར་1.54སོ་སོར་སྤྲད་པ་རེད།
གཉིས། སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་མངོན་གསལ་དོད་པ།
དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་ཚུན་དང་ལྷག་དོན་དུ་ལོ་རབས་དགུ་བཅུ་ཚུན་དུ། ཀྲུང་གོ་སྲིད་གཞུང་གིས་མཚོ་བོད་ས་མཐོར་རྣམ་པ་སྣ་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་བཀོད་སྒྲིག་བྱས་པ་དེའི་ནང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩེ་ཤིང་སྲུང་སྐྱོང་དང་དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་། གཙོ་གནད་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྱོང་། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་། རྨོ་བསྐྱུར་ནགས་གསོ་རྩྭ་གསོ། སྐྱས་སྤོས་རྩྭ་གསོ། ས་ཆུ་ཤོར་བ་བཅོས་སྐྱོང་། འདམ་ར་སྲུང་སྐྱོང་དང་སླར་གསོ་སོགས་ཚུད་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་དང“གཙང་པོ་གཉིས་དང་ཆུ་བོ་བཞི”(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་ས་སྐྱིད་ཆུ། མྱང་ཆུ། ཡར་ལྷ་ཤམ་ཆུ། སེང་གེ་ཁ་འབབ་བཅས་ཡིན)རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་སོགས་ལག་བསྟར་བྱས་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོའི“རི་ཆུ་ནགས་ཞིང་མཚེའུ་རྩྭ”བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་འདུ་འགོད་དང་། མཚོ་སྔོན་པོའི་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་འདུ་འགོད། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་གཙོ་གནད་སྣོད་བཅུད་འདུ་འགོད་བཅས་ལག་བསྟར་བྱས་པ་རེད། 2011ལོར《མཚོ་བོད་ས་མཐོའི་ས་ཁོངས་ཀྱི་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་འཆར་འགོད(2011ལོ་ནས་2030ལོ་བར)》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་རེད། སྣོད་བཅུད་འཛུགས་སྐྱོང་འདུ་འགོད་རབ་དང་རིམ་པ་ལག་བསྟར་བྱས་པ་ལས་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ཐད་ཕན་འབྲས་བཟང་པོ་ཐོབ་ནས་སྣོད་བཅུད་མ་ལག་ཉམས་ཞན་དུ་འགྱུར་བའི་རྣམ་པ་ཚོད་འཛིན་ཐུབ་པ་དང་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་སླར་གསོ་ཐུབ་པ་མ་ཟད། གཙོ་གནད་སྣོད་བཅུད་འདུ་འགོད་ཁུལ་ཁག་གཅིག་གི་སྣོད་བཅུད་བྱེད་ནུས་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བཞིན་ཡོད་པ་རེད།
སྣོད་བཅུད་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པ།
མཐོ་གྲང་རྩྭ་ཐང་ནི་མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་རིགས་གཙོ་བོ་ཞིག་ཡིན་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་མ་ཟད། ས་མཐོའི་འབྲོག་ལས་ཀྱི་རྨང་གཞི་ཞིག་ཀྱང་ཡིན། གནམ་གཤིས་འགྱུར་ལྡོག་དང་ཕྱུགས་རིགས་མང་དྲགས་པ་སོགས་ཀྱི་རྐྱེན་པས། མཐོ་གྲང་རྩྭ་ཐང་རྒྱུན་ཆད་མེད་པར་ཉམས་ཞན་དུ་ཕྱིན་པ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་དུས་དཀྱིལ་དུ་སླེབས་སྐབས། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་82ཡོད། དེ་རྗེས་སྐྱས་སྤོས་རྩྭ་གསོ་དང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས། རྩྭ་ཐང་གི་ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་སོགས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་འདུ་འགོད་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པས། མཚོ་བོད་ས་མཐོའི་རྩྭ་ཐང་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་རིམ་བཞིན་མངོན་ཡོད། ཞིབ་འཇུག་ལས་མངོན་པར། 1982ལོ་ནས་2009ལོ་བར་མཚོ་བོད་ས་མཐོའི་རྩྭ་ཐང་ཁྱབ་ཚད་དང་སྐྱེ་ཚད་མང་དུ་འགྲོ་བའི་རྣམ་པ་མངོན་པ་དང་རྩྭ་ཐང་ཁྱབ་ཚད་ཆེ་རུ་ཕྱིན་པའི་ས་ཁོངས་ཀྱིས་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་གྱི་47%བཟུང་བ་དང་རྩྭ་སྐྱེ་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པའི་རྒྱ་ཁྱོན་32%ཡན་ཟིན་གྱི་ཡོད། ཉེ་བའི་ལོ་བཅུའི་རིང་རྩྭ་ཐང་གི་སྣོད་བཅུད་མ་ལག་བརྟན་ལ་ལེགས་པོ་ཡོད་པ་རེད།
མཚོ་བོད་ས་མཐོའི་ནགས་ཚལ་གཙོ་བོ་ཡུན་ནན་གྱི་ནུབ་བྱང་དང་། བོད་ཀྱི་ཤར་ལྷོ། སི་ཁྲོན་གྱི་ནུབ་རྒྱུད། ཀན་ལྷོ། མཚོ་སྔོན་ཤར་རྒྱུད་བཅས་སུ་ཁྱབ་ཡོད། 1950ལོ་ཚུན་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་དང་། གསོག་ཉར་བྱས་ཚད། རིགས། བར་མཐོངས་ཁྱབ་ཚུལ་སོགས་ཐད་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། 2016ལོར་རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་ཡོངས་བཤེར་བྱས་འབྲས་ཐེངས་དགུ་པ་ལས་མངོན་པ་ལྟར་ན། བོད་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1798.19དང་། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1490.99 ནགས་ཚལ་ཁྱབ་ཚད་12.14% སྐྱེ་འཚར་ཐུབ་པའི་ནགས་ཤིང་གི་སྤྱིའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་23.05བཅས་ཟིན་ཡོད། 2011ལོའི་རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་གཙང་བཤེར་བྱས་འབྲས་དང་བསྡུར་ན་ནགས་ས་དང་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་14.75དང་སྤྱི་ཆིང་ཁྲི་19.87དང་། ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་གྲངས་0.16 ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་2047བཅས་འཕར་ནས་ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད་གཉིས་འཕར་བྱུང་ཡོད།
མཚོ་བོད་ས་མཐོ་ནི་ཀྲུང་གོའི་འདམ་ར་ཁྱབ་རྒྱ་ཆེ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པ་དང་1990ལོར་མཚོ་བོད་ས་མཐོའི་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་13.45ཙམ་ཟིན་གྱི་ཡོད། 1990ལོ་ནས་2006ལོ་བར་མཚོ་བོད་ས་མཐོའི་འདམ་ར་རྒྱུན་མཐུད་ངང་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་ཐོན་ཏེ་ལོ་ལྟར་0.13%རྒྱ་ཆུང་དུ་ཕྱིན་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3000ཙམ་ཆུང་དུ་ཕྱིན་ཡོད། 2006ལོ་ཚུན་འདམ་རར་སྲུང་སྐྱོང་དང་རང་བྱུང་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པའི་འོག་འདམ་རའི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 2011ལོ་བར་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཁོ་ནའི་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་14.67ཟིན་པ་དང་འདམ་ར་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་སྤྱིའི་ཆ་ནས་བཀག་འགོག་ཐུབ་ཡོད། 2014ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་8.14ཟིན་ཡོད། ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྦྲགས་འདམ་རའི་སྣོད་བཅུད་མ་ལག་ཀྱང་སྔར་བས་ལེགས་སུ་ཕྱིན་ཡོད།
སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ།
མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། བྱང་ཐང་ནས་གཙང་གསུམ་ཆུ་འགོ་དང་། རྨིན་ཧྲན་རི་བོ་ནས་འཕྲེད་བཅད་རི་བོའི་བྱང་རྒྱུད། ཧི་མ་ལ་ཡའི་ཤར་ལྷོའི་རྒྱུད་དང་འཕྲེད་བཅད་རི་བོའི་ལྷོ་རྒྱུད་སོགས་ས་ཁོངས་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྔོན་ཚུད་ས་ཁོངས་ཡིན། ས་མཐོའི་དམིགས་བསལ་ས་བོན་རིགས་ཀྱི་སྐྱེ་དངོས་སྣ་ཁ་3760ལྷག་ཙམ་དང་། དམིགས་བསལ་གྱི་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་280ལྷག་ཙམ། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རིམ་མཐོའི་སྐྱེ་དངོས་སྣ་ཁ་300ལྷག་ཙམ། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་120ལྷག་ཙམ་ཡོད། བསྐྲུན་ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་མཚོ་བོད་ས་མཐོའི་དམིགས་བསལ་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་དང་སྐྱེ་དངོས་དང་དེ་བཞིན་དེའི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་དངོས་རིགས་ཀྱི་ཁྱུ་ཚོགས་སླར་གསོ་བྱུང་བ་དང་མང་དུ་ཕྱིན་པ་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་པར་ཕན་འབྲས་ཡག་པོ་ཐོན་པའི་མཚོན་རྟགས་ཤིག་རེད། ཞིབ་འཇུག་ལས་མངོན་པར། མཚོ་བོད་ས་མཐོའི་ཁྲུང་ཁྲུང་སྐེ་ནག་དང་། གཙོད། ཕུའུ་ཧྲི་དགོ་བ། འབྲོང་། ཤྭ་བ་སེར་ཆེན། ཡུན་ནན་གྱི་སྤྲེལ་་ཁྲ་སོགས་རིགས་རྐྱང་པའི་གྲངས་འབོར་བརྟན་པོའི་ངང་འཕར་ཡོད། ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་གི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཚུན། དེ་གར་དགུན་སྒྲོལ་དུ་ཡོང་མཁན་ཁྲུང་ཁྲུང་སྐེ་ནག་ལོ་རེ་བཞིན་མང་དུ་སོང་ནས་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་གྲངས་འབོར་གྱི་80%བཟུང་བ་དང་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་བྱ་ཡུལ་ཆེ་ཤོས་སུ་གྱུར་ཡོད། བྱང་ཐང་ས་མཐོའི་གཙོད་ཀྱི་གྲངས་འབོར་2000ལོའི་ཁྲི་6ལྷག་ཙམ་ནས་2016ལོའི་ཁྲི་20ཡན་བར་སླར་གསོ་བྱུང་བ་དང་། རྐྱང་གི་གྲངས་འབོར་སྲུང་སྐྱོང་མ་ཐོབ་གོང་གི་6000ལྷག་ཙམ་ནས་2016ལོའི་10000བར་མང་དུ་སོང་ཡོད། པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཡུན་ནན་གྱི་སྤྲེལ་ཁྲའི་གྲངས་འབོར་སྲུང་སྐྱོང་ཁུལ་མ་བཙུགས་གོང་གི་2000ཙམ་ནས་2014ལོའི་2500ཙམ་བར་སླར་གསོ་བྱུང་ཡོད། གཞན་ཡང་ས་གནས་ཁག་གཅིག་ཏུ་ད་དུང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་རྙེད་ཡོད། རྒྱལ་སྤྱིའི་ཐོག་སྔ་ས་ནས་སྟོངས་ཟིན་པར་ངོས་འཛིན་པའི་བོད་ཀྱི་ཤྭ་བ་སེར་ཆེན་1995ལོར་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་དུ་ཡང་བསྐྱར་མཐོང་རྒྱུ་བྱུང་བ་མ་ཟད་གྲངས་འབོར་ཀྱང་མང་དུ་འགྲོ་བཞིན་ཡོད། ཀའོ་ལི་གོང་ཧྲན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྟོངས་ལ་ཉེ་བའི་རྒྱལ་མོ་རྔུལ་ཆུའི་སྤྲེལ་ཁྲ་མཐོང་རྒྱུ་བྱུང་བ། རྒྱབ་ཐོག་མཚོ-རྫས་ཚ་རོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྭ་ཏ་མགོ་ནག་མཐོང་བ་སོགས་རེད།
སྐྱེ་དངོས་སྐྱེ་ཡུལ་ལེགས་སུ་གཏོང་རྒྱུ་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་རྨང་གཞི་ཡིན། མཚོ་བོད་ས་མཐོའི་སྔོ་ཁེབས་ལེགས་སུ་ཕྱིན་པ་དེས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་མཐོ་རུ་ཕྱིན་ཡོད། 1998ལོ་ནས་2009ལོའི་བར་བོད་ཀྱི་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྟེ་བའི་ཁུལ་གྱི་སྔོ་ཁེབས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། 2005ལོ་ནས་བཟུང་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཐང་རྒོད་ཅན་བཀག་འགོག་ཐུབ་པ་དང་། འདམ་རའི་རྒྱ་ཁྱོན་ཆེ་རུ་སོང་བ། སྔོ་ཁེབས་སྣོད་བཅུད་གནས་ཚུལ་ལེགས་སུ་ཕྱིན་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་སྡོད་བྱ་ཡུལ་ཁ་ཐོར་ཅན་དུ་འགྲོ་བའི་རྣམ་པ་ཞི་ལྷོད་དུ་སོང་བ་མ་ཟད་ཆ་ཚང་དུ་འགྲོ་ཚད་རིམ་བཞིན་མཐོ་རུ་སོང་བ་བཅས་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེཌ་སུ་ཕྱིན་ཡོད། རྒྱབ་ཐོག་མཚོ-རྫས་ཚ་རོང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱབ་ཐོག་མཚོའི་རྒྱ་ཁྱོན་2003ལོའི་སྤྱི་ཆིང་480ནས་2013ལོའི་སྤྱི་ཆིང་2354བར་ཆེ་རུ་སོང་བ་མ་ཟད་ཉེ་བའི་ལོ་ཤས་རིང་སྤྱིར་ན་སྤྱི་ཆིང་2000རྒྱུན་འཁྱོངས་ཐུབ་པ་དང་། ཆུ་ཁོངས་ཆེ་རུ་ཕྱིན་པ་དེས་ཆུ་བྱའི་རིགས་ཀྱི་སྐྱེ་འཕེལ་འཚོ་སྡོད་ལའང་སྐུལ་འདེད་ཐེབས་ཡོད།
སྣོད་བཅུད་འདུ་འགོད་གཙོ་བོར་ཕན་འབྲས་རགས་ཙམ་ཐོན་པ།
2009ལོར། རྒྱལ་ཁབ་ཀྱིས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད(2008ལོ་ནས་2030ལོའི་བར)》ལ་ཆོག་མཆན་སྤྲད་དེ་བོད་དུ་སྲུང་སྐྱོང་དང་། འཛུགས་སྐྲུན། འདེགས་སྐྱོར་འགན་སྲུང་བཅས་རིགས་ཆེ་གྲས་གསུམ་གྱི་འདུ་འགོད་10ལག་ལེན་བསྟར་བ་དང་། 2017ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་96བཏང་ཡོད། དུས་ཐེངས་དང་པོའི་འདུ་འགོད(2008ལོ་ནས་2014ལོའི་བར)ལ་བོད་ཀྱི་སྣོད་བཅུད་འདུ་འགོད་ཀྱི་སྒྲོམ་གཞི་གཙོ་བོ་རགས་ཙམ་བསྐྲུན་ཟིན་པ་དང་། གཙོ་གནད་འདུ་འགོད་ཁག་གཅིག་ལ་སྣོད་བཅུད་ཁོར་ཡུག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། སྣོད་བཅུད་མ་ལག་གི་ཞབས་ཞུའི་བྱེད་ནུས་རིམ་བཞིན་མཐོ་རུ་ཕྱིན་པ། སྣོད་བཅུད་སྲུང་ཡོལ་གྱི་བྱེད་ནུས་བརྟན་ལ་ལེགས་པོ་ཡོད་པ་བཅས་རེད།
2005ལོར་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་ལག་ལེན་བསྟར་བ་དང་2017ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་80བཏང་ཡོད། 2013ལོར་དུས་ཐེངས་དང་པོའི་ལས་གྲྭ་ལེཌ་སྒྲུབ་ཟིན་ཏེ་རྩྭ་ཐང་ཞན་འགྱུར་བཀག་འགོག་རགས་ཙམ་ཐུབ་པ་དང་། ཆུ་གཟུཌ་དང་འདམ་རའི་སྣོད་བཅུད་མ་ལག་ཧྲིལ་པོ་སླར་གསོ་བྱུང་བ། ཆུ་རྩ་གསོ་འཁྱོངས་དང་རྒྱུག་ཁུལ་གྱི་་ཆུ་མཁོ་སྤྲོད་ནུས་པ་ཆེ་རུ་ཕྱིན་ཡོད། 2004ལོ་དང་བསྡུར་ན་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གཙང་པོ་གསུམ་ནས་ལོ་རེར་སྨད་རྒྱུད་ལ་ཆ་སྙོམས་སྤུས་ལེཌ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་58རྒྱུག་ནས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འདེཌ་སྐྱོར་ནུས་ལྡན་ཐུབ་ཡོད།
གསུམ། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་བརྟན་པོ་ཡོད་པ།
རྒྱལ་ཁབ་དང་ས་གནས་སྲིད་གཞུང་གིས་ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། གྲོང་གསེབ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ། བཟོ་གཏེར་གྱི་སྦགས་བཙོག་སྔོན་འགོག་ཚོད་འཛིན་སོགས་ཐད་ཁོར་ཡུག་སྲུང་སྐྱོང་འདུ་འགོད་རབ་དང་རིམ་པ་ལག་ལེན་བསྟར་ཡོད་པས། མཚོ་བོད་ས་མཐོའི་ཁོར་ཡུག་སྤུས་ཚད་དང་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།
ཆུའི་ཁོར་ཡུག་སྤུས་ཚད་བརྟན་ལ་ལེགས་པོ་ཡོད་པ།
མཚོ་བོད་ས་མཐོ་ནི་ཨེ་ཤེ་ཡའི་གཙང་པོ་གཙོ་བོ་མང་པོ་ཞིག་གི་ཆུ་འགོའི་ཁུལ་ཡིན་ལ་ཀྲུང་གོའི་ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་ཁོར་ཡུག་སྲུང་སྐྱོང་ནན་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཀྱང་ཡིན། རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་ཆུའི་ཁོར་ཡུག་སྲུང་སྐྱོང་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། བྱ་ཐབས་གཙོ་བོའི་ནང་ཆུ་ཁོངས་གལ་ཆེན་གྱི་ཕྱོགས་བསྡུས་འཆར་འགོད་བཟོ་བ་དང་། གཙང་པོ་དང་མཚོ་དང་མཚེའུའི་ཆུའི་ནུས་པའི་ཁུལ་དབྱེ་བ། ཆུ་ཁོངས་ཀྱི་ནུས་པ་དང་ཆུ་སྤུས་སྲུང་སྐྱོང་གི་དམིགས་ཚད་གསལ་བཟོ། གཙང་པོ་དང་མཚོ་དང་མཚེའུའི་ཆུའི་བྱེད་ནུས་ཁུལ་གྱི་སྦགས་བཙོག་འཇུ་ནུས་དང་བཤངས་འབུད་ཚོད་འཛིན་བསྡོམས་འབོར་ཞིབ་བཤེར་གཏན་འཁེལ། ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བཅས་ཚུད་ཡོད་པ་རེད། ཞིང་ཆེན(རང་སྐྱོང་ལྗོངས)དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས)བཅས་རིམ་པ་གསུམ་གྱི་སྲིད་འཛིན་ཁུལ་གྱི་དཔྱད་ཞིབ་དམིགས་ཚད་མ་ལག་བཙུགས་ཏེ་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་སྐུལ་འདེད་བཏང་ནས་མཚོ་བོད་ས་མཐོའི་ཆུའི་སྣོད་བཅུད་ཁོར་ཡུག་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད།
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་253.12བཏང་སྟེ་མཚོ་བོད་ས་མཐོའི་གྲོང་གསེབ་ཀྱི་འཐུང་ཆུ་དང་། ས་ཆུ་སྲུང་འཛིན། འབྲོག་ཁུལ་གྱི་ཆུ་བེད་སོགས་ལས་གྲྭ་འཛུགས་སྐྲུན་ཐད་སྤྱད་ནས་ཞིང་འབྲོག་པ་ཁྲི་457.1གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་དང་འབྲེལ། དགོན་སྡེ་1400ལྷག་ཙམ་གྱི་འཐུང་ཆུ་ཤར་གཏོང་ལས་གྲྭ་ལེགས་སྒྲུབ་བྱས་ཏེ། ཧྥུལ་དང་སེན་འདུས་ཚད་མཐོ་བ་དང་ཁ་བ་དང་། ཚྭ་ཁུ། ཆུ་སྙིགས་བཅས་དང་ཆུ་ཧ་ཅང་དཀོན་པའི་ས་ཁུལ་ཁག་གཅིག་གི་འཐུང་ཆུ་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད། 2014ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.78བཏང་སྟེ་གནམ་མཚོ་དང་། ཡར་འབྲོག་གཡུ་མཚོ། ཁེ་ལུ་ཁེ་མཚོ། རྨ་ཆུའི་ཆུ་འགོའི་མཚེའུ་ཚོགས་སོགས་རྒྱུག་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་སྣོད་བཅུད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཆུ་བོ་རྒྱུག་ཁུལ་ཆུང་ངུའི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་དང་རི་ཞིང་གི་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་བས་ས་ཆུ་ཤོར་བའི་ས་ཆ་བཅོས་སྒྲིག་བྱེད་རྒྱ་སྤྱི་ལེ་ངོས་གྲུ་1730ཟིན་ཡོད། གཙང་གསུམ་ཆུ་འགོ་དང་། མཚོ་སྔོན་པོ། མདོ་ལ་རིང་མོའི་སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་བས་ལོ་ལྟར་སྨད་རྒྱུད་དུ་སྤུས་ལེགས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600རྒྱུག་གི་ཡོད། མིག་སྔར་མཚོ་བོད་ས་མཐོའི་གཙང་པོ་དང་མཚོ་མཚེའུ་གཙོ་བོ་རང་བྱུང་གི་རྣམ་པ་ཡིན་པ་དང་ཆུའི་སྤུས་ཚད་ཡག་པོ་ཡོད།
ས་རྒྱུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ།
མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོར་སྦགས་བཙོག་ཕོག་ཉུང་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་དང་། ས་རྒྱུའི་ཁོར་ཡུག་སྤྱིའི་ཆར་རང་བྱུང་ལྷུན་གྲུབ་ཀྱི་རྣམ་པ་ཡིན། ས་རྒྱུའི་རིགས་དང་ལྕི་བའི་ལྕགས་རིགས་ཀྱི་གཞི་རྒྱུ་ལྡན་ཚད་ས་རྒྱུར་གྱུར་བའི་སྲིད་པའི་བྲག་རྡོའི་རང་བཞིན་དང་གནམ་གཤིས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པ་ལས་མིའི་རིགས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་པ་ཅུང་ཉུང་། ས་མཐོའི་མཚོ་མཚེའུ་ཡི་དིམ་བསགས་དངོས་པོར་ཟངས་དང་། ནིག ཞ་ཉེ་སོགས་ལྕི་བའི་ལྕགས་རིགས་ཀྱི་གཞི་རྒྱུ་ལྡན་ཚད་ནི་མིའི་རིགས་འགུལ་སྐྱོད་བྱེད་མང་བའི་མཚོ་མཚེའུ་ཡི་དིམ་བསགས་དངོས་པོ་ལས་ཉུང་བ་ཡོད། རྨོ་ཞིང་གི་ས་རྒྱུར་བལྟས་ན། བོད་ཀྱི་རྨོ་ཞིང་མང་ཆེ་བའི་ས་རྒྱུར་ལྕི་བའི་ལྕགས་རིགས་ཀྱི་གཞི་རྒྱུ་ལྡན་ཚད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ས་རྒྱུའི་ཚད་གཞི་ལས་ལེགས་པ་ཡོད་པ་རེད།
སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བྱེད་ཐབས་རིམ་བཞིན་ལག་བསྟར་བྱས་པ་དང་བསྟུན་ནས་མཚོ་བོད་ས་མཐོའི་ས་རྒྱུའི་སྣོད་བཅུད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། ཉེ་བའི་ལོ་50ཡི་ནང་ཀྲུང་གོའི་སྤང་སའི་ས་རྒྱུའི་ཐཱན་གསོག་ཚད་རླབས་འགུལ་རྣམ་པའི་ཐོག་ནས་འཕར་བའི་རྣམ་པ་ཐོན་བཞིན་ཡོད་པའི་ཁྲོད་མཚོ་བོད་ས་མཐོའི་སྤང་སའི་ས་རྒྱུར་ཐཱན་འདུས་ཚད་ཀྱི་ལེགས་སྐྱེས་ཕུལ་ཚད(63.1%)ཟིན་པ་དང་ས་མཐོའི་ས་བབ་མཐོ་ལ་གྲང་ངད་ཆེ་བའི་སྤང་སའི་གཏིང་ཚད་སྨི་3གྱི་ས་རྒྱུའི་སྐྱེ་མེད་ཐཱན་མཛོད་ཀྱིས་རྒྱལ་ཡོངས་ཀྱི་ས་རྒྱུའི་སྐྱེ་མེད་ཐཱན་མཛོད་ཀྱི་70%ཙམ་བཟུང་ཡོད་པ་རེད། ཆུ་འགོར་གསོ་རླུང་འདུས་ཚད་ཐད་ནས་བལྟས་ཚེ། མཚོ་བོད་ས་མཐོར་ལོར་ཆ་སྙོམས་ཆུ་འགོར་གསོ་རླུང་འདུས་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3450ཟིན་ཡོད་པ་རེད། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལེགས་གྲུབ་ཟིན་རྗེས་ནགས་རྩྭའི་སྣོད་བཅུད་མ་ལག་ལོར་ཆ་སྙོམས་ཆུ་འགོའི་གསོ་རླུང་འདུས་ཚད་ལས་གྲྭ་ལག་བསྟར་མ་བྱས་གོང་ལས་15.60%འཕར་བ་དང་ར་སྐོར་ནགས་གསོ་སོགས་བྱེད་ཐབས་ཀྱིས་ཀྱང་ས་རྒྱུའི་སྐྱེ་ལྡན་ཐཱན་དང་། ས་རྒྱུའི་བརླན་གཤེར། ས་རྒྱུའི་སྐྱེ་དངོས་ཕྲ་རབ་ཁོར་ཡུག་སོགས་ཀྱི་རྣམ་པ་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།
རླུང་ཁམས་ཆེ་མོའི་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་ཐུབ་པ།
མཚོ་བོད་ས་མཐོར་མིའི་རིགས་ཀྱི་བྱེད་སྒོ་སྤེལ་ཉུང་བ་དང་། མཁའ་རླུང་གི་སྤུས་ཚད་ལ་མིའི་རིགས་ཀྱི་བྱེད་སྒོས་ཤུགས་རྐྱེན་ཐེབས་ཤུགས་ཆུང་བ། སྦགས་བཙོག་བཟོ་བའི་སྐྱེ་དངོས་རིགས་ཅུང་ཉུང་བ། གར་ཚད་ཅུང་དམའ་བས་སྦགས་བཙོག་དངོས་པོ་སྣ་ཚོགས་ཀྱི་འདུས་ཚད་དེ་བྱང་སྣེ་ས་ཁུལ་དང་སྤྱིར་ན་ཁྱད་པར་མེད། ལྗང་མདོག་ནུས་རྒྱུ་ཁྱབ་གདལ་བཏང་བ་དང་། སྣོད་བཅུད་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་བ་བརྒྱུད་མཚོ་བོད་ས་མཐོའི་མཁའ་རླུང་གི་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་ཡོད། 2016ལོར་རྒྱལ་ཡོངས་སུ་རགས་རྡུལ་དངོས་པོའི་ལོའི་ཆ་སྙོམས་གར་ཚད་ཀྱི་ཚད་གཞི་ལོན་པའི་གཙོ་གནད་གྲོང་ཁྱེར་96ཡོད་པའི་ཁྲོད་ནས་16མཚོ་བོད་ས་མཐོར་གནས་ཡོད་པ་རེད། མིག་སྔར་མཚོ་བོད་ས་མཐོའི་ཁུལ་ནི་སྔར་བཞིན་སའི་གོ་ལའི་ཐོག་གི་ཆེས་གཙང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
སྡོད་མལ་ཁོར་ཡུག་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ།
2009ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་62.94བཏང་ནས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ་བཅས་ཀྱི་བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་ཆུ་སྙིགས་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་དང་ཆུ་སྙིགས་ཀྱི་མདོང་ལམ་དྲ་བའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་ཆུ་སྙིགས་དང་གད་སྙིགས་གཙང་སེལ་བྱེད་ནུས་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་རྒྱལ་ཁབ་ཀྱིས་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་54.52བཏང་ནས་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་མང་པོར་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱས་པའི་ཁྲོད་བོད་རང་སྐྱོང་ལྗོངས་ལ་སྒོར་དུང་ཕྱུར་3.49དང་། སི་ཁྲོན་ཞིང་ཆེན་ལ་སྒོར་དུང་ཕྱུར་16.31 ཡུན་ནན་ཞིང་ཆེན་ལ་སྒོར་དུང་ཕྱུར་14.54 ཀན་སུའུ་ཞིང་ཆེན་ལ་སྒོར་དུང་ཕྱུར་8.99 མཚོ་སྔོན་ཞིང་ཆེན་ལ་སྒོར་དུང་ཕྱུར་11.19བཅས་བཏང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་སྔོ་འགྱུར་མཛེས་བཟོར་ཤུགས་སྣོན་བརྒྱབ་པ་དང་། གད་སྙིགས་རིགས་དབྱེ་གཙང་སེལ་དང་། འཛེར་སྒྲ་སེལ་བ། ཆུ་སྙིགས་བཤངས་འབུད། སོག་མ་མེར་སྲེག་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། 2010ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་118.18བཏང་ནས་གྲོང་ཚོ་5261གི་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་སྤེལ་བ་དང་། གྲོང་གསེབ་ཁོར་ཡུག་གི་ཕུགས་ཕན་བདག་སྐྱོང་ལམ་སྲོལ་བཙུགས་ཏེ་ཁོར་ཡུག་གི་སྤུས་ཚད་ལེགས་སུ་བཏང་བ་རེད། 2008ལོ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་ཁོར་ཡུག་ཡུག་འབྲེལ་བཅོས་སྒྲིག་ལས་དོན་སྤེལ་བར་རིམ་རྩིས་བརྒྱབ་ན་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་17.4བཏང་བ་དང་། གྲོང་ཚོ་དང་སྐྱས་སྤོས་འབྲོག་པའི་གཏན་སྡོད་བྱ་ཡུལ་3015ལ་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྒྲིག་བྱས་པས་མི་ཁྲི་220ལ་ཕན་པ་ཐོབ་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་གྲོང་གསེབ་མི་འབོར་གྱི་76%བཟུང་ཡོད། 2014ལོར་མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལས་དོན་སྤེལ་འགོ་བཙུགས་ཤིང་། 2017ལོའི་ལོ་མཇུག་བར་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་107.7བཏང་ཟིན་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གྱི་འཚོ་བའི་ཆུ་སྙིགས་གཙང་སེལ་བྱེད་ཚད་དང་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད་78.02%དང་96.69%སོ་སོར་ཟིན་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡིས“ལོ་གསུམ་གྱི་གད་སྙིགས་དང་ཆུ་སྙིགས་གཙང་བཟོའི་བྱ་སྤྱོད་འཆར་གཞི”ལག་ལེན་བསྟར་ནས་2017ལོར་ས་གནས་སྲིད་གཞུང་གི་ཆེད་དོན་འཛིན་ལོར་མ་དངུལ་སྒོར་དུང་ཕྱུར་2.75གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བསྐྲུན་པའི་ཐད་སྤྱད་པ་རེད། 2017ལོའི་ལོ་མཇུག་བར་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཡིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.85བཏང་ནས་ཆུ་སྙིགས་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་བསྐྲུན་པའི་ཐད་སྤྱད་ཡོད། ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་ཁོངས་གཏོགས་ཁུལ་དུ་རུལ་གྱུར་མི་འགྲོ་བའི་འགྱིག་ཤོག་དངོས་རྫས་འཚོང་མི་ཆོག་པ་དང་། སྤྲོད་མི་ཆོག་པ། སྤྱོད་མི་ཆོག་པ་བཅས་ཀྱི་གཏན་འབེབས་བཟོས་པས་ཆུའི་སྦགས་བཙོག་དང་། ས་རྒྱུའི་སྦགས་བཙོག རླུང་ཁམས་ཆེ་མོའི་སྦགས་བཙོག་བཅས་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡིས་མ་དངུལ་སྒོར་དུང་ཕྱུར་52.46བཏང་སྟེ་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་703ལག་ལེན་བསྟར་ནས་གྲོང་ཚོ་དེ་དག་གི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། སྤྱི་ཚོགས་འགན་སྲུང་། སྣོད་བཅུད་ཁོར་ཡུག་སོགས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་རེད།
བཞི། ལྗང་མདོག་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ།
ཉམས་ཞན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཤུགས་ལ་ཚོད་འཛིན་བྱས་ཏེ་ཁོར་ཡུག་གི་སྤུས་ཚད་བཟང་པོ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་སྤྱི་དམངས་ཀྱི་བློ་ཡིད་ཚིམ་ཚད་མཐོ་པོ་རྒྱུན་འཁྱོངས་བྱས་པ་དང་ཆབས་ཅིག་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་ཧུར་ཐག་བཙལ་བ་རེད། མིག་སྔར་མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་རྒྱུན་འཁོར་དཔལ་འབྱོར་དང་། བསྐྱར་སྐྱེས་ནུས་རྒྱུ། ཁྱད་ལྡན་ཐོན་ལས་བཅས་ཁྱད་ཆོས་སུ་བྱས་པའི་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་རགས་ཙམ་བཟོས་པས་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།
ལྗང་མདོག་ཐོན་སྐྱེད་ལ་གཞི་ཁྱོན་རགས་ཙམ་ལྡན་པ།
མཚོ་བོད་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཐད་སྣོད་བཅུད་ཁོར་ཡུག་བཟང་བ་དང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་ཧུར་ཐག་ཆགས་པར་བྱས་ཡོད།
རྒྱལ་ཁབ་ཀྱིས་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་རིམ་པའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཐོན་ལས་གླིང་2སྟེ། ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་དང་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཙུགས་པ་རེད། ཚྭ་འདམ་གཤོང་སའི་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་དུ་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། སྣུམ་རླངས་རྫས་འགྱུར་བཟོ་ལས། ལྕགས་རིགས་བཙོ་སྦྱངས། རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། ཁྱད་ལྡན་སྐྱེ་དངོས་སོགས་ཀྱི་ཐོན་ལས་ཆགས་ནས་གླིང་ཁུལ་གྱི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་གཏོང་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་མདོག་ལྡན་ལྕགས་རིགས་དང་། རྫས་འགྱུར་བཟོ་ལས། ས་མཐོའི་སྐྱེ་དངོས་བཟོས་རྫས། ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག་ཚུད) བོད་རུམ་འཁེལ་འཐག་སོགས་ཀྱི་ཐོན་ལས་གཞི་རྩའི་ཆར་ཆགས་ཏེ་གླིང་ཁུལ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་སོང་བ་མ་ཟད་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པའང་མངོན་གསལ་དོད་པོ་ཡོད། རྒྱལ་ཁབ་ཀྱི་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་སྔོན་བསྟར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད་ལྗང་མདོག་ཐོན་ལས་ཀྱི་སྒྲོམ་གཞི་རགས་ཙམ་བསྐྲུན་པ་དང་། ཐོན་ལས་ཀྱི་སྦྲེལ་ཐག་ཟམ་མི་ཆད་པར་སྣུར་སྲིང་བྱས་པ། རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་བཅས་རེད།
བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་བཏང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་འཁོར་དཔལ་འབྱོར་གྱི་འཕེལ་རྒྱས་འཆར་འགོད(2013ལོ་ནས་2020ལོ་བར)》བཟོས་ཏེ་ནུས་རྒྱུ་གཙང་མ་དང་། ཡུལ་སྐོར། རིག་གནས། ཁྱད་ལྡན་བཟའ་རིགས། རང་བྱུང་འཐུང་ཆུ། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་དོན་ཟོག་འགྲེམས། དངུལ་རྩ། ཆ་འཕྲིན་ཞབས་ཞུ་སོགས་ལྗང་མདོག་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། 2016ལོར་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་རྒྱུན་འཁོར་དཔལ་འབྱོར་དཔེ་སྟོན་གྲོང་ཁྱེར་ལ་བདམས་ཤིང་། མིག་སྔར་རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱུན་འཁོར་དཔལ་འབྱོར་དཔེ་སྟོན་གྲོང་ཁྱེར་ལ་གཏོད་པའི་ལག་བསྟར་ཇུས་གཞི》གཞིར་བཟུང་ཚོད་ལྟའི་དཔེ་སྟོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད།
ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་ལེགས་ལྡན་ཐོན་ཁུངས་ལ་བརྟེན་ནས་བཟའ་བཅའ་དང་། སྨན་རྫས། བཏུང་བྱ། མྱོང་རོལ་ཐོན་རྫས་བཅས་འདུ་འགོད་4དང་ལྗང་མདོག་ཐོན་ལས་གླིང་འཛུགས་སྐྲུན་ལག་ལེན་བསྟར་བས་ཀྲོའུ་དེ་ཡོངས་ཀྱི་སྐྱེ་དངོས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡིས་ས་ཁོངས་ཀྱི་སྣོད་བཅུད་བྱེད་ནུས་ཁུལ་གྱི་ངེས་གནས་གཞིར་བཟུང“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་བསྐྲུན་པའི”འཐབ་ཇུས་གཏན་འཁེལ་གྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་བཟོས་པ་རེད།
ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ལེགས་ཆ་འབུར་དུ་ཐོན་པ།
མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལྗང་མདོག་དང་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་རྟགས་སྐྱེད་སྲིང་བྱས་པ་དང་སྣོད་བཅུད་ཞིང་འབྲོག་ལས་ཀྱི་ཚོད་ལྟའི་ཁུལ་བསྐྲུན་པ་རེད། ཁྱད་ལྡན་ཞིང་འབྲོག་ལས་དེ་ཉིད་མཚོ་བོད་ས་མཐོའི་ལྗང་མདོག་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
2004ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ནས་བོད་དུ་ནས་དང་། འབྲི་གཡག བོད་སྨན་སྨན་རྒྱུ་སོགས་རིགས་10ཡི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྣམ་གྲངས་450ལྷག་ཙམ་ལག་ལེན་བསྟར་བ་དང་། སྣེ་འདྲེན་ཁེ་ལས་100ལྷག་ཙམ་སྐྱེད་སྲིང་བྱས་པར་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་11.82བྱུང་ནས་མི་ཁྲི་175.4ལ་ཕན་པ་ཐོབ་པ་རེད། བོད་རང་སྐྱོང་ལྗོངས་ཀྱིས་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་དཔང་བདེན་ར་སྤྲོད་ལ་སྐུལ་འདེད་བཏང་སྟེ་ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་དང་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ་རེད། མིག་སྔར་ཕག་རིའི་འབྲི་གཡག་དང་། གམ་པའི་ལུག ལྷུན་རྩེའི་ནས་ནག རྫ་ཡུལ་གྱི་སྤྲེལ་ཁམ། སྤོ་བོའི་སྡོང་ཕུང་སོགས་ཞིང་འབྲོག་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་10ལྷག་ཙམ་ལ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱི་དཔང་བདེན་ར་སྤྲོད་ཐོབ་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་འབྲུ་སྣུམ་འདེབས་འཛུགས་དང་། སྒོ་ཕྱུགས་གསོ་ཚགས། ཤིང་འབྲས་སྔོ་ཚལ་དང་དེ་བཞིན་འདྲེ་ཚེར་གླ་ཚེར་བཅས“སྒོར་དུང་ཕྱུར་བརྒྱ་ཟིན་པ་བཞི”ཡི་ཐོན་ལས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། འདེབས་འཛུགས་ལས་རིགས་ཀྱི“འབྲུ་རིགས་དང་། དཔལ་འབྱོར་སྐྱེ་དངོས། གཟན་རྩྭ”བཅས་གསུམ་གྱི་གྲུབ་ཆ་ལེགས་སུ་གང་མགྱོགས་བཏང་བ་དང་། རྒྱལ་ཡོངས་ཀྱི་རྩྭ་ཐང་སྣོད་བཅུད་དང་འབྲོག་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཐོན་ལས་གླིང་སྐྲུན་མགྱོགས་སུ་བཏང་བ་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་བར་ཞིང་ཆེན་དེ་ཡོངས་ཀྱི་ཁྱིམ་ཚང་ཞིང་འབྲོག་ར་1879བར་འཕེལ་རྒྱས་ཕྱིན་པ་དང་། རིགས་ཁག་གི་མཉམ་ལས་ཁང་8876བར་འཕེལ་རྒྱས་ཕྱིན་པ། ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་451སྐྱེད་སྲིང་བྱས་པ་བཅས་རེད། ཁྱད་ལྡན་ལོ་ཏོག་འདེབས་འཛུགས་ཀྱི་བསྡུར་ཚད་85%ཟིན་པ་དང་། ཞིང་ལས་སྐྱེ་དངོས་དང་། སྒོ་ཕྱུགས་དང་ཁྱིམ་བྱ། ཆུའི་ཐོན་རྫས་བཅས་ཀྱི་སོན་བཟང་དང་རྒྱུད་བཟང་ཁྱབ་ཚད་96%དང་། 62% 95%བཅས་སོ་སོར་ཟིན་ཡོད། སྤྱི་གནོད་མེད་པ་དང་། ལྗང་མདོག སྐྱེ་ལྡན་བཅས་ཀྱི་ཞིང་འབྲོག་ཐོན་རྫས་ལོ་རེར་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི་109ཟིན་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཁུངས་འདེད་མ་ལག་རིམ་བཞིན་བཙུགས་པ་རེད། ཤར་རྒྱུད་ཀྱི་ཁྱད་ལྡན་འདེབས་གསོའི་ནུས་ཆེའི་དཔེ་སྟོན་ཁུལ་དང་། མཚོ་སྐོར་གྱི་ས་མ་འབྲོག་རྒྱུན་འཁོར་འཕེལ་རྒྱས་སྔོན་བསྟར་ཁུལ། མཚོ་སྔོན་ལྷོ་ཕྱོགས་ཀྱི་སྣོད་བཅུད་སྐྱེ་ལྡན་འབྲོག་ལས་སྲུང་སྐྱོང་འཕེལ་རྒྱས་ཁུལ། རྨ་ཆུའི་རྒྱུད་ཀྱི་གྲང་ཆུའི་གསོ་ཚགས་འོས་འཚམ་གསར་སྤེལ་རྒྱུད་བཅས“ཁུལ་གསུམ་དང་རྒྱུད་གཅིག”གི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་བཀོད་པ་རགས་ཙམ་ཆགས་ཡོད།
ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡིས་བོད་རིགས་ས་ཁུལ་གྱི་ནས་ཞིང་རྟེན་གཞི་དང་ཐོན་ལས་ཅན་འདུ་འགོད་དང་དེ་བཞིན་ས་མཐོའི་སྤུས་ལེགས་པད་ཁ་དང་། ས་མཐོའི་ཀྲུང་ལུགས་གསོ་རིག་སྨན་རྒྱུའི(བོད་ལུགས་གསོ་རིག་སྨན་རྒྱུ་ཚུད)རྟེན་གཞི་འཛུགས་སྐྲུན་ལག་ལེན་བསྟར་བ་དང་། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། དཔལ་འབྱོར་ནགས་ཤིང་འབྲས་ཤིང་ལས་རིགས། ནགས་ཁྲོད་ཐོན་ལས་བཅས་འཕེལ་རྒྱས་མགྱོགས་པོ་བཏང་བ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་ཡིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་ནུས་ལྡན་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་ཁྱད་ལྡན་ནགས་ཤིང་འབྲས་ཤིང་ལས་རིགས་ཀྱི“མུའུ་ཁྲི་བརྒྱ་ཟིན་པ་གཉིས”ཀྱི་ཐོན་ལས་རྟེན་གཞི་བཏོད་པ་མ་ཟད་གཡེར་མ་དང་། ནགས་ཚལ་སྔོ་ཚལ། ཤིང་རྒྱུད་སྨན་རྩྭ་སོགས་ཁྱད་ལྡན་འདེབས་འཛུགས་རྟེན་གཞིའང་བསྐྲུན་པ་རེད། ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡི་ས་མཐོའི་ཁྱད་ལྡན་ཞིང་ལས་འདེབས་འཛུགས་གཞི་ཁྱོན་སྤྱི་ཆིང་ཁྲི་9.07ཟིན་པ་དང་2017ལོར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་19ཟིན་ཡོད།
ལྗང་མདོག་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ།
མཚོ་བོད་ས་མཐོར་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས་སོགས་ཀྱི་ལྗང་མདོག་ནུས་རྒྱུ་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་ཆུ་གློག་དང་ཉི་ནུས་སོགས་ཀྱིས་གཙོ་བོར་བྱེད་པའི་བསྐྱར་སྐྱེས་ནུས་རྒྱུའི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པས། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱུང་ཡོད།
མཚོ་བོད་ས་མཐོའི་གཙང་པོ་དང་ཆུ་བོ་མང་པོ་རི་མཐོ་གྲོག་རོང་བརྒྱུད་ནས་རྒྱུག་པར་བརྟེན་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བོད་ཀྱི་ཆུ་ནུས་ཐོན་ཁུངས་ཀྱི་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་དུང་ཕྱུར་1.74ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཉེ་བའི་ལོ་ཤས་རིང་རྡོ་ཕུར་དང་། གསེར་ཆུ། འབྲི་གུང་སོགས་ཆུ་ཤུགས་གློག་ཁང་འབྲིང་གྲས་བསྐྲུན་ནས་2017ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་177ཟིན་པ་དེས་ལྗོངས་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་སྤྱིའི་གློག་གཏོང་ཚད་ཀྱི་56.54%བཟུང་ཡོད། མཚོ་སྔོན་གྱི་ཆུ་ནུས་ཐོན་ཁུངས་ཀྱི་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི་2400ཟིན་པ་དང་ཚ་རྔ་འགག་དང་། ལ་ཟེ་བ། སྔོ་རྒྱའི་འགག་སོགས་ཆུ་གློག་ལས་གྲྭ་ཆེ་གྲས་ཁག་ཅིག་བསྐྲུན་ཡོད། 2016ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1192ཟིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་ཡི་ཆུ་ནུས་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི་5663ཙམ་ཟིན་པ་དང་བསྐྲུན་ཟིན་པའི་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་ཆན་ཝ་ཁྲི་1708ཟིན་གྱི་ཡོད།
མཚོ་བོད་ས་མཐོ་ནི་འཛམ་གླིང་ཐོག་ཉི་ནུས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ལོ་རེར་ཉི་འོད་འཕྲོ་ཚད་བསྡོམས་འབོར་སྨི་ངོས་གྲུ་རེར་ཀྲའོ་ཅའོ་5400ནས་8000བར་ཟིན་པ་དེ་འཕྲེད་ཐིག་གི་ཏུའུ་གྲངས་གཅིག་པའི་ས་བབ་དམའ་བའི་ས་ཁུལ་དང་བསྡུར་ན་50%ནས་100%བར་གྱིས་མཐོ་བ་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཚྭ་འདམ་གཤོང་སར་ཆན་ཝ་ཁྲི་བརྒྱ་རིམ་པའི་འོད་ཤུགས་གློག་ཁང་ཁྱུ་ཡི་འཛུགས་སྐྲུན་ལས་གྲྭ་ཁ་ཤས་བསྐྲུན་ནས་རྒྱལ་སྤྱིའི་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་གློག་ཁང་བསྐྲུན་པ་རེད། 2016ལོའི་ལོ་མཇུག་བར་མཚོ་སྔོན་གྱི་འོད་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་682ཟིན་ཡོད། 2014ལོར་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱིས་འོད་ཤུགས་གློག་གཏོང་འཛུགས་སྐྲུན་གཞི་ཁྱོན་གྱི་ཚོད་འཛིན་མི་ཕོག་པའི་ས་ཁུལ་གྲས་སུ་བཅུག་པ་དང་བོད་ལ་འོད་ཤུགས་གློག་གཏོང་རྣམ་གྲངས་གསར་སྤེལ་བྱ་རྒྱུར་དམིགས་བསལ་གྱིས་རྒྱབ་སྐྱོར་བྱས་ཡོད། 2017ལོའི་ལོ་མཇུག་བར་བོད་ཀྱི་འོད་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་79ཟིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་ཡི་ཉི་ནུས་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི་2000ལྷག་ཟིན་པ་དང་ཆན་ཝ་ཁྲི་35ཟིན་པའི་འོད་ཤུགས་གློག་ཁང་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།
ཡུལ་སྐོར་ལས་རིགས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
མཚོ་བོད་ས་མཐོའི་ཐུན་མིན་གྱི་རང་བྱུང་དང་རིག་སྐྲུན་མཛེས་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཐོན་ཁུངས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད། ཡུལ་སྐོར་འཕེལ་རྒྱས་ཀྱིས་བཟའ་བཏུང་དང་། ཞག་སྡོད། འགྲིམ་འགྲུལ། རིག་གནས་རོལ་རྩེད་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་མ་ཟད། རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་། སྲོལ་རྒྱུན་གྱི་ལག་ཤེས་རྒྱུན་འཛིན། ཁྱད་ལྡན་ཐོན་རྫས་གསར་སྤེལ་བཅས་ལ་སྐུལ་འདེད་ཀྱང་བཏང་ཡོད། ཡུལ་སྐོར་ལས་རིགས་ནི་མཚོ་བོད་ས་མཐོར་ལྗང་མདོག་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་བཞག་པའི་རྨང་གཞིའི་ཐོག་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་བཏང་བ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་བ། ཡུལ་སྐོར་ལས་རིགས་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་བ། ཡུལ་སྐོར་ལས་རིགས་ཉིད་རིག་གནས་དང་། ལུས་རྩལ། ལུས་གསོ་སོགས་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། བོད་རང་སྐྱོང་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་དང་། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་འདམ་ར་སྤྱི་གླིང་བཅས་འཛུགས་སྐྲུན་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་བཏོད་ཡོད། སི་ཁྲོན་ཞིང་ཆེན་གྱིས་གཟི་ཚ་སྡེ་དགུ་ཆེན་པོ་དང་རྩྭ་ཐང་ཆེན་པོ་སོགས་ཡུལ་སྐོར་གྱི་དཔལ་འབྱོར་འཁོར་རྒྱ་གསར་སྤེལ་གྱིས་རྔ་པ་ཀྲོའུ་དང་དཀར་མཛེས་ཀྲོའུ་ཡི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཀན་སུའུ་ཞིང་ཆེན་གྱིས་རི་ཆུའི་སྣོད་བཅུད་ཡུལ་སྐོར་དང་རྩྭ་ཐང་འདམ་རའི་ཡུལ་སྐོར་སོགས་སྐྱེད་སྲིང་ཤུགས་ཆེན་བྱས་པ་དང་ཀན་ལྷོ་ཀྲོའུ་ཡིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཁུལ་དུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ལས་དོན་སྤེལ་ནས་འབད་བརྩོན་ཆེན་པོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གཉིས་ཀ་མི་འཕྱུགས་པ་བྱས་ཡོད།
2017ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་2561.4ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་379.4ཟིན་པ་དེས་ལོ་དེ་གའི་ལྗོངས་ཡོངས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་28.95%བཟུང་བ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3484.1ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་381.53ཟིན་པ་དེས་ལོ་དེ་གའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་14.44%བཟུང་ཡོད། 2017ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་2676ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་298ཟིན་ཡོད། ཀན་སུའུ་ཞིང་ཆེན་ས་མཐོའི་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་བྱས་པའི་གྲངས་འབོར་དང་ཡུལ་སྐོར་ཡོང་འབབ་ལོ་7བསྟུད་མར་གྲངས་གནས་གཉིས་འཕར་བ་དང་2017ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་1105.6ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་51.35ཟིན་ཡོད།
ལྔ། ཚན་རྩལ་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་བཙུགས་པ།
ཀྲུང་གོ་གསར་པ་དབུ་བརྙེས་ཚུན། མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལ་ཆ་ཤས་ནས་སྤྱི་ཡོངས་བར་དང་། རིག་ཚན་རྐྱང་པ་ཞིབ་འཇུག་ནས་ཕྱོགས་བསྡུས་ཞིབ་འཇུག་བར། རྒྱལ་ནང་གི་མཉམ་ལས་ནས་རྒྱལ་སྤྱིའི་མཉམ་ལས་བར་བཅས་ཀྱི་འཕེལ་རྒྱས་བརྒྱུད་རིམ་བརྒྱུད་པར་བརྟེན་ད་ཆ་ཆུ་ཚད་ཅུང་མཐོ་བའི་ཚན་ཞིབ་ཀྱི་སྟོབས་ཤུགས་ཤིག་ཆགས་པ་དང་ཅུང་འཐུས་སྒོ་ཚང་བའི་སྣོད་བཅུད་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་མ་ལག་ཅིག་གྲུབ་ཡོད། མཚོ་བོད་ས་མཐོའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་སྤེལ་རིང་། ཚན་རྩལ་གྱི་རམ་འདེགས་ནུས་པ་གལ་ཆེན་སྔར་བས་ཐོན་བཞིན་ཡོད།
ཚན་རྩལ་དཔུང་ཁག་དང་ཚན་རྩལ་གྲུབ་འབྲས་རྩེར་སོན།
ཀྲུང་གོའི་ཚན་རྩལ་ལས་དོན་པས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་ནས་བཟུང་། མཚོ་བོད་ས་མཐོའི་ས་ཁུལ་ཆ་ཤས་ལ་དུས་ཐུང་དང་ཁྱབ་ཁོངས་ཆུང་བའི་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་དུས་འགོ་ནས་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་བར་གཞི་ཁྱོན་ཆེ་བའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱས་པར་ཡིག་འབྲུ་ཁྲི་བརྒྱ་གྲངས་ཟིན་པའི་ཚན་རིག་རྟོག་ཞིབ་ཀྱི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་གྲུབ་པ་དང་། ཆེད་རྩོམ་43ཚུད་པའི《མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་དཔེ་ཚོགས》པར་སྐྲུན་བྱས་པ་དེ་མཚོ་བོད་ས་མཐོའི་ཤེས་བྱ་ཀུན་བཏུས་ཀྱི་དེབ་ཆ་ཚང་དང་པོར་གྱུར་ཡོད། 1978ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་ཆེན་ཐོག་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་ཡོད། “མཚོ་བོད་ས་མཐོ་འབུར་དུ་ཐོན་པ་དང་དེས་རང་བྱུང་ཁོར་ཡུག་དང་མིའི་རིགས་ཀྱི་བྱེད་སྒོར་ཐེབས་པའི་ཤུགས་རྐྱེན་ཕྱོགས་བསྡུས་ཞིབ་འཇུག”ལ་1987ལོར་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་ཨང་དང་པོ་ཐོབ་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པ་ནས་བཟུང་མཚོ་བོད་ས་མཐོའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ས་ཁོངས་ཀྱི་ཐོན་ཁུངས་ལུགས་མཐུན་གསར་སྤེལ་དང་། སྣོད་བཅུད་ཁོར་ཡུག་སླར་གསོ་དང་བཅོས་སྐྱོང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་འཆར་འགོད་སོགས་ཀྱི་ཞིབ་འཇུག་ལས་དོན་སྤེལ་བ་དང་འབྲེལ། མཚོ་བོད་ས་མཐོ་ཆགས་ཚུལ་དང་དེའི་ཤུགས་རྐྱེན་སོགས་ཚན་རིག་གི་གནད་དོན་ལ་འབྲེལ་ཡོད་རིག་ཚན་ནས་གོ་རིམ་ལྡན་པའི་ངང་ཞིབ་འཇུག་བྱས་ཡོད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པས་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་དང་ཕྱོགས་ཡོངས་ཀྱི་ཚན་རྩལ་འདེགས་སྐྱོར་བྱས་པ་དང་། ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་བྱེད་སྒོ་བཅས་ལ་དམིགས་ནས་མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་ཚབས། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།
ལོ་60ལྷག་ཙམ་རིང་ཀྲུང་གོ་ཚན་རིག་ཁང་གིས་གཙོ་བོར་བྱས་པའི་ཚན་རྩལ་དཔུང་ཁག་ལ་མཚོ་བོད་ས་མཐོའི་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག་ལ་གསར་འབྱེད་རང་བཞིན་གྱི་ཚན་རིག་གི་གྲུབ་འབྲས་མང་པོ་ཐོབ་ཡོད། དཔེར་ན། ཡོན་ཧྲི་ལིའུ་ཏུང་ཧྲེང་གིས་མཚོ་བོད་ས་མཐོ་འབུར་དུ་ཐོན་པ་དང་ཨེ་ཤེ་ཡ་ཤར་མའི་དུས་རླུང་འགྱུར་ལྡོག་ལ་ཞིབ་འཇུག་གཞིར་བྱས་ཆགས་ཚུལ་—གནམ་གཤིས་ཚན་རིག་ལྟ་ཚུལ་བཏོན་ཡོད། ཡོན་ཧྲི་ཡེ་ཏུའུ་ཀྲེང་གི་དབྱར་དུས་སུ་མཚོ་བོད་ས་མཐོ་ནི་དྲོད་ཁུངས་ཡིན་པའི་ལྟ་ཚུལ་བཏོན་ནས་ས་དབྱིབས་ཆེན་པོའི་ཚ་ནུས་ཀྱི་ནུས་པ་ཞིབ་འཇུག་བྱེད་རྒྱ་ཆེ་རུ་བཏང་བ་དང་། མཚོ་བོད་ས་མཐོའི་གནམ་གཤིས་རིག་པ་བཏོད་ཡོད། གསར་གཏོད་ཀྱི་གྲུབ་འབྲས་དེ་དག་གིས་འབྲེལ་ཡོད་རིག་ཚན་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་ས་ཁོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་བཅས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཐོན་ཡོད།
མིག་སྔར་ཀྲུང་གོར་སྟོབས་ཤུགས་ཆེ་བ་དང་། རིག་ཚན་ཆ་སྒྲིག རྒན་དར་གཞོན་གསུམ་ཕན་ཚུན་ཟུང་འབྲེལ་བཅས་ཀྱི་མཚོ་བོད་ས་མཐོར་ཞིབ་འཇུག་བྱེད་མཁན་ཚན་རྩལ་དཔུང་ཁག་གཅིག་ཡོད། དེའི་ནང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཧྲི་40ལྷག་ཙམ་དང་། “མི་སྟོང་གི་འཆར་གཞི”དང“མི་ཁྲིའི་འཆར་གཞིར”ཚུད་པ་100ལྷག་ཙམ། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཐེབས་རྩ་ཐོབ་མཁན་སོགས་སྣེ་ཁྲིད་ཤེས་ལྡན་པ་ཡོད། དེའི་ཁྲོད་ལིའུ་ཏུང་ཧྲེང་དང་། ཡེ་ཏུའུ་ཀྲེང་། ཝུའུ་ཀྲེང་དབྱེ་བཅས་ལ་སོ་སོར་2003ལོ་དང་། 2005ལོ། 2007ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་པ་དང་། སུན་ཧུང་ལེ་ལ་2009ལོར“ཨའེ་ཐོ་ལི·མཱ་གཡོད་ལཱ་ནེ-དབྱི་ལི་སི་ཚན་རིག་ཞི་བདེའི་བྱ་དགའ”ཐོབ་པ། ཡའོ་ཐན་ཏུང་ལ་2017ལོའི“སུའེ་ཏེན་གྱི་མིའི་རིགས་རིག་པ་དང་ས་ཁམས་སློབ་ཚོགས་ཀྱི་ཝུའེ་ཅ་བྱ་དགའ”ཐོབ་ཡོད། ཁོང་ཚོའི་མཚོ་བོད་ས་མཐོའི་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིར་སྐད་གྲགས་ཆེན་པོ་ཡོད།
ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་པའི་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག
མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱེད་ཆེད། ཀྲུང་གོས་ཀྲུང་གོ་སྣོད་བཅུད་མ་ལག་ཞིབ་འཇུག་དྲ་རྒྱ་དང་མཐོ་གྲང་ཁུལ་གྱི་ས་ངོས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དྲ་རྒྱ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་དང་། རྒྱལ་ཁབ་ས་ཆ། ཞིང་ལས། ནགས་ལས། ཆུ་བེད། གནམ་གཤིས་སོགས་ཀྱི་ཆེད་ལས་ལྟ་དཔྱད་ཚད་ལེན་དྲ་རྒྱ་ཚུད་པའི་ཅུང་འཐུས་སྒོ་ཚང་བའི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་པས། གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག་ཅིག་གྲུབ་ཡོད། ཀྲུང་གོ་སྣོད་བཅུད་མ་ལག་ཞིབ་འཇུག་དྲ་རྒྱས་མཚོ་བོད་ས་མཐོ་དང་དེའི་མཐའ་འཁོར་དུ་ནགས་ཚལ་དང་། རྩྭ་ཐང་། ཞིང་ཁ། ཐང་རྒོད་སོགས་སྣོད་བཅུད་མ་ལག་རིགས་མི་འདྲ་བ་བརྒྱད་ཀྱི་ལྟ་དཔྱད་ཚད་ལེན་ས་ཚིགས་བཙུགས་ནས། ས་མཐོའི་སྣོད་བཅུད་མ་ལག་འགྱུར་ལྡོག་ལ་དུས་ཡུན་རིང་པོར་གནས་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་བྱས་ཏེ། སྣོད་བཅུད་མ་ལག་དང་དེ་བཞིན་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་འགྱུར་ལྡོག་གི་ཆོས་ཉིད་དང་དེའི་རྒྱུ་རྐྱེན་གསལ་སྟོན་བྱེད་ཀྱི་ཡོད། མཐོ་གྲང་ཁུལ་གྱི་ས་ངོས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དྲ་རྒྱས་མཚོ་བོད་ས་མཐོའི་ས་ངོས་ཁོར་ཡུག་གི་འགྱུར་ལྡོག་བརྒྱུད་རིམ་ལ་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་ཐུབ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། གནམ་གཤིས་སྡེ་ཚན་གྱིས་མཚོ་བོད་ས་མཐོར་རབས་གསར་པའི་གནམ་གཤིས་རེག་བརྡ་9དང་། བར་སྣང་གི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་18 རྒྱལ་ཁབ་རིམ་པའི་ས་ངོས་གནམ་གཤིས་ལྟ་དཔྱད་ཚད་ལེན་ས་ཚིགས་123 ས་ཁོངས་ཀྱི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་1361བཅས་གསར་དུ་བསྐྲུན་པའི་ཁར་རླུང་སྤྲིན་རྟགས་ཅན་གྱི་གནམ་གཤིས་སྲུང་སྐར་3འཕངས་ནས་གནམ་གཤིས་ལྟ་དཔྱད་ཚད་འཇལ་དང་ཚོད་ལྟའི་ས་ཚིགས་ཀྱི་དྲ་བ་འཐུས་སྒོ་ཚང་དུ་བཏང་བ་རེད། མིག་སྔར། བོད་རང་སྐྱོང་ལྗོངས་ལ་རྒྱལ་ཁབ་ཀྱི་ས་ངོས་ཆུའི་དཔྱད་ཞིབ་ཆད་ངོས་22དང་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་ས་ཚིགས་18དང་། མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་ས་ངོས་ཆུའི་དཔྱད་ཞིབ་ཆད་ངོས་19དང་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་གྲོང་ཁྱེར་མཁའ་རླུང་སྤུས་ཚད་ལྟ་ཞིབ་ཚད་ལེན་ས་ཚིགས་11བསྐྲུན་ཡོད་པ་དང་། གཙང་གསུམ་ཆུ་འགོ་ཁུལ་ལྟ་བུའི་ས་ཁོངས་གཙོ་བོ་ཁག་ཏུ། འབྲེལ་ཡོད་སྡེ་ཚན་གྱིས་གནམ་ས་སྐར་གསུམ་གྱི་སྣོད་བཅུད་ཕྱོགས་བསྡུས་ཀྱི་ལངས་གཟུགས་རྣམ་པའི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་མ་ལག་བཙུགས་པ་མ་ཟད། ས་ཁོངས་དེའི་དུས་ཚོད་རིམ་སྟར་རིང་ཤོས་དང་གྲངས་གཞི་ཆ་ཚང་ཤོས་ཀྱི་སྤུས་ཚད་མཐོ་བའི་གྲངས་གཞིའི་མཛོད་ཀྱང་སྐྲུན་ཡོད། སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཐུས་ཚང་དང་གྲངས་གཞིའི་སྤུས་ཚད་ལེགས་སུ་ཕྱིན་པ་དེས་ཁོར་ཡུག་དོ་དམ་ཆུ་ཚད་དང་ལས་ཕྱོད་ཆེས་ཆེར་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།
ཚན་རྩལ་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།
མཚོ་བོད་ས་མཐོའི་དཔལ་འབྱོར་སྤྱི་ཚོགས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རིང་ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
མཚོ་བོད་ལྕགས་ལམ་གྱི་འཛུགས་སྐྲུན་དང་གཉེར་སྐྱོང་ནི། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་རེད། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་དུམ་བུར་སྤྱི་ལེ་1142ཡོད་ལ། ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་འཁྱགས་ས་བཞུར་བ་དང་། མཐོ་ཞིང་གྲང་ལ་གསོ་རླུང་མི་འདང་བ། སྣོད་བཅུད་ཉམ་ཞན་བཅས་ཀྱི་འཛམ་གླིང་རང་བཞིན་གྱི་ལས་གྲྭའི་དཀའ་གནད་ཆེན་པོ་གསུམ་ཕྲད་ཡོད། གོར་མོ་ནས་ལྷ་སའི་བར་གྱི་ལམ་དུམ་བུ་ལ་ལོ་མང་རིང་གི་འཁྱགས་ས་ཁུལ་སྤྱི་ལེ་546.4ཡོད་པས། ལྟ་དཔྱད་ཚད་འཇལ་གྲངས་གཞི་དང་ཚན་རྩལ་གྲུབ་འབྲས་འབོར་ཆེན་ལ་བརྟེན་ནས། ཚན་རྩལ་མི་སྣས་ཟམ་པས་ལམ་གྱི་ཚབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལྕགས་ལམ་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་པ་དང་། མཚོ་བོད་ལྕགས་ལམ་ཁུ་ཁུ་ཤིས་རི་དང་། གཙང་གསུམ་ཆུ་འགོ སེར་གླིང་མཚོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མང་པོ་བརྒྱུད་སྐབས་གཙོད་སོགས་བདག་ཏུ་མ་བཟུང་པའི་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཆེད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ཆེད་མངགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོད་ལམ་33བསྐྲུན་པ་དང་། ལམ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཆེད། བྱེ་ཐང་གི་གནོད་འཚེ་འགོག་པ་དང་རྩྭ་འདེབས་པ། སྤང་རྩྭ་སྤོ་བ་སོགས་སྣོད་བཅུད་སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད། མཚོ་བོད་ལྕགས་ལམ་བསྐྲུན་ནས་གཉེར་སྐྱོང་བྱས་རྗེས་ལོ་མང་རིང་གི་འཁྱགས་ས་བརྟན་པོ་བྱུང་ནས་ལྕགས་ལམ་གཞོགས་གཉིས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་སླར་གསོ་ཐུབ་པ་མ་ཟད་ས་ཁོངས་ཁག་གཅིག་གི་སྣོད་བཅུད་ཁོར་ཡུག་མཐའ་འཁོར་གྱི་རང་བྱུང་ཁོར་ཡུག་དང་མཉམ་པའམ་ཐ་ན་དེ་ལས་ཀྱང་ལེགས་པ་ཡོད། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྲུབ་འབྲས་ལ་རྒྱལ་སྤྱིའི་གདེང་འཇོག་མཐོ་པོ་ཐོབ་ཡོད། སྲིད་གཞུང་དབར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་ལས་ཨུ་ཡོན་ལྷན་ཁང(IPCC)གི《གནམ་གཤིས་འགྱུར་ལྡོག་གི་དཔྱད་དཔོག་སྙན་ཞུ》ཐེངས་བཞི་པ་དང་ལྔ་པའི་ནང་དུ། མཚོ་བོད་ལྕགས་ལམ་གྱིས་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལ་གནམ་གཤིས་ཀྱི་འགྱུར་ལྡོག་དེ་དང་འཚམ་པའི་ལྗང་མདོག་ལྕགས་ལམ་བསྐྲུན་རྒྱུར་དཔེ་གཞི་ཡག་པོ་མཁོ་འདོན་བྱས་པའི་ངོས་འཛིན་བྱས་ཡོད་པ་དང་། ཨ་རིའི《ཚན་རིག》དུས་དེབ་ཏུ་2007ལོའི་ཟླ་4ཚེས་27ཉིན་རྩོམ་ཡིག་སྤེལ་ནས། མཚོ་བོད་ལྕགས་ལམ་ལས་ཀྲུང་གོའི་ནུབ་རྒྱུད་ཀྱི་སྣོད་བཅུད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པས་དེ་ནི་ལྕགས་ལམ་ལས་གྲྭ་ཁོ་ན་ཙམ་མ་ཡིན་པར་སྣོད་བཅུད་སྲུང་སྐྱོང་གི་ངོ་མཚར་ཞིག་དེ་བས་ཀྱང་རེད་ཅེས་འཁོད་ཡོད། “མཚོ་བོད་ལྕགས་ལམ་ལས་གྲྭར”2008ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའི་དམིགས་བསལ་བྱ་དགའ་ཐོབ་ཡོད།
གཙང་གསུམ་ཆུ་འགོའི་སྣོད་བཅུད་ཞན་གྱུར་མ་ལག་བཅོས་སྒྲིག་བྱེད་རིང་། ཚན་རིག་ལག་རྩལ་གྱིས་འདེགས་སྐྱོར་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད། གཙང་གསུམ་ཆུ་འགོའི“ས་ནག་ཐང”སྤང་ལྗོངས་སླར་གསོ་ལག་རྩལ་མ་ལག་ལས“ས་ནག་ཐང”བཅོས་སྒྲིག་ལ་་ཚད་བརྒལ་བྱུང་ཞིང་། འབྲེལ་ཡོད་ཚན་རྩལ་གྲུབ་འབྲས་ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། གཟན་རྩྭའི་ས་བོན་འདེབས་གསོ་ལག་རྩལ་གྱིས་དཔེ་མཚོན་རང་བཞིན་གྱི་རྩྭ་ཐང་ཞན་གྱུར་བཅོས་སྒྲིག་དང་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྒྱུར་རྩྭ་སོན་སྤུས་ལེགས་མཁོ་འདོན་བྱས་ཡོད།
བོད་ལུགས་གསོ་བ་རིག་པ་ནི་ས་མཐོའི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། མཚོ་བོད་ས་མཐོའི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལེགས་ཆའི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་རེད། བོད་ལུགས་གསོ་རིག་ཚད་ལྡན་ཅན་དང་། དེང་རབས་ཅན། ཐོན་ལས་ཅན་ལ་སྐུལ་འདེད་གཏོང་ཆེད། ཚན་རྩལ་སྡེ་ཚན་གྱིས་མི་ཐབས་ལ་བརྟེན་ནས་བོད་སྨན་སྨན་རྒྱུ་འདེབས་གསོ་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་ཁར་བོད་ལུགས་གསོ་རིག་གི་རྨང་གཞི་དང་དེ་བཞིན་དངོས་སྤྱོད་ཐད་ཞིབ་འཇུག་ཧུར་ཐག་བྱས་ནས་བོད་ལུགས་གསོ་རིག་གི་ཚད་གཞི་དང་ཞིབ་བཤེར་ཚད་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། ནད་གཞི་འགོག་བཅོས་དང་། སྨན་རྫས་གསར་སྤེལ། ལུས་ཁམས་བདེ་སྲུང་སོགས་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ནས་བོད་སྨན་གྱི་སྤུས་རྟགས་ཐོན་རྫས་རབ་དང་རིམ་པ་བཏོད་ཡོད།
དྲུག སྣོད་བཅུད་རིག་གནས་རིམ་བཞིན་ཆགས་པ།
མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། མི་རྣམས་ཀྱི་བསམ་བློ་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ནས་སྣོད་བཅུད་རིག་གནས་ཀྱི་གདེང་ཚོད་ཉིན་བཞིན་ཆེ་རུ་ཕྱིན་ཡོད།
སྣོད་བཅུད་ཤེས་དཔལ་འདུ་ཤེས་ཉིན་བཞིན་མི་སེམས་སུ་གཏིང་ཟབ་ཟུག་པ།
སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རིང་། མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོ་གསོ་སྦྱོང་། དམངས་ཚོགས་ཞུགས་ཚད་མང་དུ་གཏོང་བ། སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པ། སྣོད་བཅུད་སྐོར་གྱི་དུས་ཆེན་འཛུགས་པ་སོགས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འདུ་ཤེས་རིམ་བཞིན་ཁྱབ་གདལ་བཏང་ཡོད། “རི་ཁའི་ལྟོ་རྟེན་རི་ཡིན། ཆུ་ཁའི་ལྟོ་རྟེན་ཆུ་ཡིན”པའི་སྲོལ་རྒྱུན་འདུ་ཤེས་དེ་རིམ་བཞིན“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་གསར་པར་འགྱུར་བ་བཏང་ཡོད། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ལ་གོང་བཀུར་ཆེན་པོ་ཐོབ་ཡོད།
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལས་འགོ་བཙུགས་ཏེ་ཕྱོགས་བསྡུས་རིག་གནས་ལུས་རྩལ་སྒྲིག་བཀོད་ལས་གྲྭ་དང་། སྐོར་སྐྱོད་གློག་བརྙན་ཞབས་ཞུའི་ལས་གྲྭ ཞིང་པའི་དཔེ་དེབ་ཁང་གི་ལས་གྲྭ གྲོང་ཚོ་རིམ་པའི་རླུང་འཕྲིན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གྲྭ གྲོང་ཚོའི་འཕྲོད་བསྟེན་ཁང་དང་སྨན་བཅོས་སྒྲིག་ཆས་འཐུས་ཚང་ལས་གྲྭ ཉི་ནུས་སྤྱི་པའི་གློག་སྒྲོན་ལས་གྲྭ་སོགས་ཀྱི་འཛུགས་སྐྲུན་ལག་བསྟར་བྱས་ནས་རིག་གནས་ཐང་ཆེན་1616བསྐྲུན་ཡོད། ས་ཁུལ(གྲོང་ཁྱེར)གྱི་མང་ཚོགས་སྒྱུ་རྩལ་ཁང་དང་། རྫོང(ཆུས)ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས། ཤིན་ཧྭ་དཔེ་ཚོང་ཁང་། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས། ཞིང་པའི་དེབ་ཁང་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད། དེ་དང་དུས་མཚུངས་ལོ་འཁོར་གྱི་ནུས་གྲོན་དྲིལ་བསྒྲགས་གཟའ་འཁོར་དང་ཐཱན་ཉུང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཡ་རབས་གྲོང་ཁྱེར་དང་ཡ་རབས་ཤང་གྲོང་སོགས་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་སྣ་ཚོགས་ལས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཉིད་སྔོན་ཐོན་གྱི་དཔེ་མཚོན་སྣ་ཚོགས་ལ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་བ། ལྷ་ས་གྲོང་ཁྱེར་གྱིས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་མཐོ་རུ་བཏང་བ་དང་འབྲེལ། “ཁྱིམ་ཚང་སྡེ་ཁུལ་དུ་ཡོད། བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང”སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ། ཁོར་ཡུག་ལེགས་གཏོང་དང་སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་དང་བླངས་ཞབས་ཞུ་རྒྱུན་མཐུད་སྤེལ་བ་བཅས་བྱས་ཡོད། རྒྱ་ཆེའི་ཞིང་འབྲོག་ཁུལ་དུ“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་ཡ་རབས་ཤེས་དཔལ་གྱིས་ཕྱུག”ཅེས་པའི་བསམ་པའི་དཔལ་ཡོན་བྱེད་སྒོ་སྤེལ་བ་དང་གྲོང་ཚོའི(གྲོང་ལྷན)དང་བླངས་ཞབས་ཞུའི་ལས་དོན་རུ་ཁག་བཙུགས་ཏེ་གྲོང་ཚོར་གཙང་སྦྲ་དང་། ཤིང་འཛུགས་ནགས་བཟོ། ཆུ་འགོ་དང་སྐྱེ་དངོས་རིགས་སྲུང་སྐྱོང་སོགས་ཀྱི་བྱེད་སྒོ་སྤེལ་ཡོད།
ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡིས་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཤིང་། འབྱུང་ཁུངས་ནས་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་། གནོད་སྐྱོན་གུན་གསབ་ལམ་ལུགས། འགན་འཁྲི་བདའ་འདེད་ལམ་ལུགས་སོགས་ལག་བསྟར་ནན་པོ་བྱས་ཏེ་ཁོར་ཡུག་བཅོས་སྒྲིག་དང་སྣོད་བཅུད་སླར་གསོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཁྲིད་སྟོན་འཇོན་ཐང་ཆེ་རུ་བཏང་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྲོའུ་ཡོངས་ཀྱི་ལས་བྱེད་པའི་དྲ་ཐོག་སློབ་སྦྱོང་སློབ་གསོའི་ནང་དོན་ལ་བཅུག་པ་དང་། ཀྲོའུ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་། ཏང་སྲིད་ལས་བྱེད་པ། ཞིང་འབྲོག་པ་སོགས་རིམ་པ་མི་འདྲ་བར་ཁ་ཕྱོགས་པའི《ཀན་ལྷོ་ཀྲོའུ་ཡི་སྣོད་བཅུད་ཤེས་དཔལ་སློབ་གསོའི་ཀློག་དེབ》རྩོམ་འབྲི་བྱས་པ། ཁོར་ཡུག་སྲུང་སྐྱོང་གི་དྲ་ཚིགས་བཙུགས་པ། ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བརྡ་ཆ་གཏོང་བ། ལག་ཐོགས་ཁ་པར་དུ་ཁོར་ཡུག་སྲུང་སྐྱོང་འཕྲིན་ཐུང་གཏོང་བ། “སྣོད་བཅུད་ལ་བརྟེན་ནས་ཀྲོའུ་གཏོད་པའི”བྱ་དགའ་ཡོད་པའི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་རིམ་ཁག་ལས་བྱེད་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་དང་མི་ཚོས་སྣོད་བཅུད་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྲོལ་བཟང་ཞིག་བཏོད་ཡོད།
མཚོ་སྔོན་ཞིང་ཆེན་གྱིས《“དཔལ་ཡོན་ལྡན་པའི་མཚོ་སྔོན”འཛུགས་སྐྱོང་གི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས“གཙང་གསུམ་ཆུ་འགོ་དྭངས་གཙང་དུ་བཏང་ནས་མ་ཡུམ་གཙང་པོར་སྲུང་སྐྱོང་བྱེད”ཅེས་པ་དང“མཚོ་སྔོན་པོའི་སྣོད་བཅུད་སྲུང་སྐྱོང”ཞེས་པ་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཆེ་གྲས་སྤེལ་ཏེ་གོམས་སྲོལ་སྒྱུར་བ་དང་ཐོན་སྐྱེད་དང་འཚོ་བའི་དར་སྲོལ་གཏོད་རྒྱུར་འབོད་སྐུལ་བྱས་ཡོད། “ལྗང་མདོག་རྩིས་ཁྲ”ཡག་པོ་བཟོ་བ་དང་། “ལྗང་མདོག་གི་ལམ”དུ་ཡག་པོ་སྐྱོད་པ། “ལྗང་མདོག་གི་སྤུས་རྟགས”ཡག་པོ་གཏོད་པ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང“སྣོད་བཅུད་ནི་ཆུ་མོ་ལྟ་བུ་དང་འཕེལ་རྒྱས་ནི་གྲུ་གཟིངས་ལྟ་བུའི”སྣོད་བཅུད་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
ཉིན་རེ་བཞིན་ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་ཆགས་པ།
སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དང་བསྟུན་ནས་ས་མཐོའི་ཞིང་འབྲོག་པའི“མི་ཕྱུགས་མཉམ་སྡོད”དང་ལྕི་བ་དང་འབུད་ཤིང་སོགས་ལ་བརྟེན་པའི་འཚོ་བ་སྐྱེལ་སྟངས་ལ་རིམ་བཞིན་འགྱུར་ལྡོག་སོང་ནས་ལྗང་མདོག་གི་ཁང་པ་དང་། ལྗང་མདོག་གི་ནུས་རྒྱུ། གཙང་སྦྲ་དོད་པའི་སྡོད་ཁང་། ལྗང་མདོག་འགྲོ་སྐྱོད་བཅས་ཉིན་རེ་བཞིན་དགའ་བསུ་ཐོབ་པའི་འཚོ་བ་སྐྱེལ་སྟངས་ལ་གྱུར་ཡོད།
མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ནུས་རྒྱུ་གསར་པ་སྣེ་མང་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཉི་ནུས་གཙོ་བོར་བྱེད་པའི་ནུས་རྒྱུ་གསར་པ་དྲོད་ལེན་པ་དང་། ཁ་ལག་བཟོ་བ། གློག ཆུ། འཕྲིན་གཏོང་སོགས་ཐོན་སྐྱེད་དང་འཚོ་བའི་ཕྱོགས་ཁག་ལ་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད། གཞན་དབང་རྣམ་པའི་ཉི་གཡབ་ནི་བོད་དུ་ཉི་ནུས་སྤྱོད་སྔ་ཤོས་ཀྱི་ལག་རྩལ་གྲས་ཤིག་ཡིན་པ་དང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་མངའ་རིས་དང་། ནག་ཆུ། ལྷ་ས་སོགས་སུ་ཁྱབ་གདལ་བེད་སྤྱོད་བཏང་ཡོད། ཉི་གཡབ་ཀྱིས་དགུན་དུས་ཀྱི་དྲོད་གཞི་རྩའི་ཆ་ནས་སྐོང་ཐུབ་ནས་འཚོ་བའི་ཁོར་ཡུག་དང་འཚོ་བའི་སྤུས་ཚད་ལེགས་སུ་བཏང་ཡོད། སྡོད་ཁང་གི་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དེ་ཞིང་འབྲོག་པས་སྡོད་ཁང་སྐྲུན་སྐབས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། 2017ལོའི་ལོ་མཇུག་བར་ཆུ་ནུས་དང་། ཉི་ནུས། རྫབ་རླངས་བཅས་ཀྱིས་གཙོ་བོར་བྱེད་པའི་ནུས་རྒྱུ་གཙང་མས་བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཀྱི་སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི་87%ཟིན་པ་དང་ཉི་ཐབ་ཁྲི་40ལྷག་ཙམ་དང་། ཉི་ནུས་ཆུ་སྲོ་ཆས་སྨི་ངོས་གྲུ་ཁྲི་45 གཞན་དབང་རྣམ་པའི་ཉི་གཡབ་སྨི་ངོས་གྲུ་ཁྲི་42ཙམ་ཁྱབ་གདལ་བཏང་ནས་ཞིང་འབྲོག་པས་སྲོལ་རྒྱུན་གྱི་འབུད་རྫས་བེད་སྤྱོད་ཚད་ཉུང་དུ་བཏང་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཞིང་འབྲོག་ཁུལ་གྱི་གཞན་དབང་རྣམ་པའི་དྲོད་སྲུང་ཁང་པ་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ། ཉི་ཐབ་དང་། ཉི་ནུས་ཆུ་སྲོ་འཕྲུལ་ཆས། ཉི་ནུས་གློག་རྫས། ཁྱིམ་སྤྱོད་རླུང་ཤུགས་གློག་གཏོང་འཕྲུལ་འཁོར་བཅས་ཁྱབ་གདལ་བཏང་ནས། “གློག་གིས་རྡོ་སོལ་གྱི་ཚབ་བྱེད་པ”དང“གློག་གིས་ལྕི་བའི་ཚབ་བྱེད་པ”སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་ཡོད། 2017ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་ཉི་ཐབ་ཁྲི་10.22དང་། ཉི་ནུས་ཆུ་སྲོ་འཕྲུལ་ཆས་ཁྲི་1.28 ཉི་ནུས་གློག་རྫས་9200བཅས་ཁྱབ་གདལ་བཏང་བ་དང་། གཞན་དབང་རྣམ་པའི་ཉི་ནུས་དྲོད་སྲུང་ཁང་པ་ཁྲི་1.31འཛུགས་སྐྲུན་བྱས་པ་དང་དཔེ་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་130.5ཟིན་ཡོད། གློག་དྲོད་མལ་ཁྲི་དང་འོད་ཤུགས་དྲོད་གཏོང་སོགས་ཀྱི་དྲོད་ལེན་བྱེད་སྟངས་ཀྱིས་ལྕི་བ་དང་རྡོ་སོལ་འབུད་པའི་སྲོལ་རྒྱུན་གྱི་དྲོད་ལེན་བྱེད་སྟངས་ཀྱི་ཚབ་བྱས་ནས་སྦགས་བཙོག་ཕྱིར་འབུད་བྱེད་ཚད་ཉུང་དུ་བཏང་བ་དང་། འཚོ་བའི་ཁོར་ཡུག་ལེགས་སུ་བཏང་བ། འཚོ་བའི་ཆུ་ཚད་མཐོ་རུ་བཏང་ཡོད། གཞན་ཡང་རྩྭ་ཐང་ནས་ཐོན་ཁུངས་ལེན་དྲགས་ཚད་དམའ་རུ་བཏང་ནས་རྩྭ་ཐང་སྣོད་བཅུད་མ་ལག་སླར་གསོ་དང་ལེགས་གཏོང་ལ་སྐུལ་འདེད་བཏང་ཡོད།
མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་བརྟེན་ནས། གསང་སྤྱོད་སྒྱུར་བཅོས་དང་། ས་ཆ་བཅད་བཟུང་སྒྱུར་བཅོས། སྡོད་ཁང་སྒྱུར་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། འཚོ་བའི་གད་སྙིགས་བསྡུ་ལེན་གཞན་སྐྱེལ་དང་། འཚོ་བའི་བཙོག་ཆུ་བསྡུ་ལེན་ཐག་གཅོད། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་། སོག་མ་ཕྱོགས་བསྡུས་བེད་སྤྱོད། འཛེར་སྒྲ་ཕྱོགས་བསྡུས་བཅོས་སྒྲིག མི་ཕྱུགས་ཀྱི་བཙོག་གཅིན་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པས་གད་སྙིགས་གང་བྱུང་གསོག་པ་དང་། སྡོད་ཁང་རང་དགར་བསྐྲུན་པ། གད་ཁུང་གང་བྱུང་དུ་སྔོག་པ། སྣང་མེད་ངང་མེ་བསྲེགས་གཏོང་བ་སོགས་མ་རབས་ཀྱི་སྣང་ཚུལ་ཉུང་དུ་ཕྱིན་པ་མ་ཟད། ད་དུང་སྡོད་ཁང་དང་། འཐུང་ཆུ། འགྲོ་སྐྱོད་སོགས་འཚོ་སྡོད་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། གཙང་སྦྲ་དོད་པ་དང་། གྲལ་སྒྲིག་པ། སྟབས་བདེ་བ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།
2017ལོར་བོད་ལྗོངས་ལྷ་སར་མཉམ་སྤྱོད་རྐང་འཁོར་ཁྱབ་གདལ་བཏང་བས། གང་མྱུར་མི་སེར་ཚོའི་འགྲུལ་བཞུད་ཀྱི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཏེ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་མཛེས་ལྗོངས་ཤིག་ཆགས་ཡོད། ལྷ་ས་དང་ཟི་ལིང་སོགས་ས་མཐོའི་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གྲངས་འབོར་བརྟན་པོའི་ངང་འཕར་ནས། ཇོ་མོ་གླང་མ་དང་ནགས་ཕག་མཚོ་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་ནུས་རྒྱུ་གསར་པའི་རླངས་འཁོར་གཉེར་སྐྱོང་ཐུབ་ཡོད། ལྗང་མདོག་འགྲིམ་འགྲུལ་དང་ཡ་རབས་ཡུལ་སྐོར་དེ་འགྲུལ་བཞུད་བྱེད་སྟངས་གསར་པ་ཞིག་ཏུ་གྱུར་ཡོད།
སྣོད་བཅུད་རིག་གནས་ཀྱི་གདེང་ཚོད་རྒྱུན་མཐུད་ངང་ཆེ་རུ་སོང་བ།
མཚོ་བོད་ས་མཐོའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་། ལེགས་ལ་བརྟན་པའི་སྣོད་བཅུད་ཀྱི་རྨང་གཞི། དེ་བཞིན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་བཅས་ཀྱིས་ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱི་སྣོད་བཅུད་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ནུས་ལྡན་སོང་ཡོད། མཛེས་སྡུག་ལྡན་པའི་གྲོང་གསེབ་དང་། ཤེས་དཔལ་གྱིས་ཕྱུག་པའི་སློབ་གྲྭ ཡ་རབས་ལྡན་པའི་ཁྱིམ་ཚང་སོགས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་བས། ས་མཐོའི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དེ་བཞིན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ནང་ཞུགས་པའི་མི་རྣམས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། སྔོ་ཞིང་དྭངས་པའི་རི་ཆུ་དང་གངས་འཁྱག་གི་མུ་ཁྱུད་ཀྱིས་བརྒྱན་པའི་སྤོབས་སེམས་ཚད་མེད་སྐྱེ་བཞིན་ཡོད།
2017ལོའི་བར་བོད་རང་སྐྱོང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་10དང་། སྣོད་བཅུད་ཤང་དང་གྲོང་རྡལ་173 སྣོད་བཅུད་གྲོང་ཚོ་1924བཅས་བསྐྲུན་པ་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལ་རྒྱལ་ཡོངས་ཀྱི་ཁག་དང་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གི་མཚན་སྙན་སྤྲད་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་1200བསྐྲུན་པ་དང་ཟི་ལིང་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་དུ་གྱུར་ཡོད། སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཡིས་ཞིང་ཆེན་རིམ་པའི་སྣོད་བཅུད་རྫོང་1དང་། རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་16 ཞིང་ཆེན་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་50 ཞིང་ཆེན་རིམ་པའི་སྣོད་བཅུད་གྲོང་ཚོ་30བཅས་གསར་དུ་བསྐྲུན་ཡོད། ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་ཀྲོའུ་རིམ་པའི་སྣོད་བཅུད་ཤེས་དཔལ་གྲོང་ཚོ་45བསྐྲུན་ཡོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡིས་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་2དང་། ཞིང་ཆེན་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་14 རྒྱལ་ཁབ་རིམ་པའི་སྣོད་བཅུད་གྲོང་ཚོ་14 ཞིང་ཆེན་རིམ་པའི་སྣོད་བཅུད་གྲོང་ཚོ་11བཅས་བསྐྲུན་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་དག་གིས་སྡོད་མལ་ཁོར་ཡུག་དང་དམངས་འཚོའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་པའི་ས་མཐོའི་མི་དམངས་ཀྱི་ཡིད་ཆེས་ཆེ་རུ་སོང་ཡོད།
2017ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་སྐབས་41པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག《འཛམ་གླིང་གི་ཤུལ་བཞག་མིང་ཐོ》ཡི་ནང་གྲུབ་འབྲས་ཐོབ་པའི་སྒོ་ནས་བཅུག་པའི་མཚོ་སྔོན་གྱི་ཁུ་ཁུ་ཤིས་རི་དེ་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་དང་ཆ་སྙོམས་ས་བབ་མཐོ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་གི་གནས་ཤིག་ཏུ་གྱུར་ཡོད། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་དཔྱད་དཔོག་སྙན་ཞུའི་ནང་། མུ་མཐའ་མེད་པའི་ཁུ་ཁུ་ཤིས་རིར་དེང་རབས་མིའི་རིགས་ཀྱི་གཏོར་སྐྱོན་སྤྱིར་ན་ཕོག་མེད་པར་མཛེས་ལྗོངས“ལྟ་ན་སྡུག་པ”ཞིག་ཡོད། ཁུ་ཁུ་ཤིས་རི་འཛམ་གླིང་རང་བྱུང་ཤུལ་བཞག་ནང་ཚུད་པ་དེས་ས་མཐོར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱི་རང་བྱུང་ཁམས་སྲུང་སྐྱོང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་སྤོབས་པ་དང་འགན་འཁྲི་སྔར་བས་ཆེ་རུ་སོང་ཡོད་ཅེས་འཁོད་ཡོད།
མཇུག་བསྡུའི་གཏམ།
དུས་ཡུན་རིང་པོར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ་དང་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་བྱེད་ནུས་བརྟན་པོ་དང་ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་མ་ཟད། མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་སོང་ཡོད།
དེ་དང་ཆབས་ཅིག མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་སྔར་བཞིན་འགྲན་སློང་མང་པོ་འཕྲད་ཡོད་པ་གཙོ་བོ་ནི་གོ་ལ་ཧྲིལ་པོའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་འོག་འཁྱགས་རོམ་ཉུང་དུ་ཕྱིན་པ་དང་། འཁྱགས་ས་བཞུར་བ། གནོད་འཚེའི་ཉེན་ཁ་ཆེ་རུ་ཕྱིན་པ་བཅས་ཀྱི་ཉམས་ཉེན་སྔར་བཞིན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བར་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད།
སླད་ཕྱིན་གྱི་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད། ཀྲུང་གོས་སྣོད་བཅུད་ཁོར་ཡུག་ལྟ་སྐུལ་དོ་དམ་སྒྲིག་སྲོལ་རྒྱུན་ཆད་མེད་པར་སྒྱུར་བཅོས་བྱས་ནས། སྣོད་བཅུད་ཤེས་དཔལ་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་། མིའི་རིགས་ཀྱི་བྱེད་སྒོ་ཚན་རིག་དང་མཐུན་པའི་ཚོད་འཛིན་བྱས་ཐོག་སྣོད་བཅུད་སྲུང་སྐྱོང་སླར་གསོ་དང་ཁོར་ཡུག་སྲུང་སྐྱོང་གཙོ་གནད་ལས་གྲྭ་ལག་བསྟར་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་སུ་བཏང་ནས། སྣོད་བཅུད་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱ་རྒྱུ། ཐཱན་ཉུང་རྒྱུན་འཁོར་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་དང་བདེ་འཇགས་ནུས་ཆེའི་ནུས་རྒྱུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་སྐྱེད་དང་འཚོ་བའི་བྱེད་སྟངས་བསྒྱུར་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་སྟེགས་མ་ལག་དང་ཕན་ནུས་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་ཤེས་དཔལ་འདུ་ཤེས་དར་སྤེལ་གཏོང་རྒྱུ་བཅས་ཡིན།
མཚོ་བོད་ས་མཐོ་ནི་རང་བྱུང་ཁམས་ཆེ་མོས་ཀྲུང་གོའི་མི་དམངས་དང་མིའི་རིགས་ལ་སྦྱིན་པའི་རྒྱུ་ནོར་ཡིན་ཞིང་། མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་གོའི་མི་དམངས་ཀྱི་འགན་འཁྲི་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག“ང་ཚོས་འཛུགས་སྐྲུན་བྱ་རྒྱུའི་དེང་རབས་ཅན་ནི། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན་པས། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་སྔར་བས་མང་པོ་བཏོད་དེ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས་པ་མ་ཟད། ད་དུང་སྣོད་བཅུད་ཐོན་རྫས་སྤུས་ལེགས་སྔར་བས་མང་པོ་མཁོ་འདོན་བྱས་ནས། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་ཡང་སྐོང་དགོས”ཞེས་གསུངས་པ་བཞིན། དུས་རབས་གསར་པར་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པ་ནི“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི”ནང་དོན་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་ཐུབ་རྒྱུའི་ཡིད་ཆེས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣