དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡིད་འོང་ལྷ་སས་ཕྱོགས་བཞིའི་སྐུ་མགྲོན་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-20

    ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཡོང་འབབ་ལོ་ཤས་བསྟུད་མར་འཕར་བ་ལས་ཡུལ་སྐོར་ལས་རིགས་ལྷ་ས་གྲོང་ཁྱེར་གྱི་ཀ་རྟེན་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཅིང་། ལོར་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་དེ་2003ལོའི་མི་ཐེངས་ཁྲི་39.05ནས་2017ལོའི་མི་ཐེངས་ཁྲི་1606.6བར་འཕར་ནས་འཕར་ཚད་ལྡབ་40ལྷག་ཙམ་ཟིན་པ་དང་། 2003ལོའི་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་4.57ནས་2017ལོའི་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་227.41ཟིན་ནས་འཕར་ཚད་ལྡབ་50ཙམ་ཟིན་པ། 2005ལོར་ལྷ་ས་གྲོང་ཁྱེར་དུ་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)71ལས་མེད་པ་ནས་2017ལོ་བར་ལྷ་ས་གྲོང་ཁྱེར་གྱི་སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)141བར་ཟིན་པ། Aརིམ་པའི་མཛེས་ལྗོངས་ཁུལ་2003ལོའི་2ནས་2017ལོའི་24བར་མང་དུ་ཕྱིན་ཡོད་པ་རེད།

    རྩེ་རིམ་ཇུས་འགོད་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་ཀྱི་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོར་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་175.6བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་ཀྱི་རྣམ་གྲངས་དང་། སྟོད་ལུང་གི་ཞང་ཞུང་མེ་ཏོག ཆུ་ཤུར་གྱི་ཡིད་འོང་ཚལ་སྣེ། ལྷུན་གྲུབ་ཀྱི་རྭ་སྒྲེང་རྒྱལ་ཁབ་ནགས་ཚལ་མཛེས་ལྗོངས་ཁུལ། འདམ་གཞུང་གི་དུས་བཞིའི་འབྲོག་གླུ། སྣེའུ་སྟག་གདོང་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་སོགས་ཐོན་ལས་རྣམ་གྲངས་འབོར་ཆེན་ཞིག་ལ་སྐུལ་འདེད་གཏིང་ཟབ་བཏང་བ་མ་ཟད། 《གྱིམ་ཤིང་ཀོང་ཇོའི》ཚོགས་ཁང་ནང་གི་ཟློས་གར་དང་། མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་། བོད་ཀྱི་རིག་གནས་བསམ་བཀོད་གསོ་སྐྱོང་ལྟེ་གནས། བཀའ་བསྟན་འགྱུར་རྟེན་རྫས་བཤམས་མཛོད་ཁང་སོགས་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་འབོར་ཆེན་ཞིག་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་གཞིས་ཆགས་ཡོད། ལྷ་སའི་ཡུལ་སྐོར་སྐོར་ལམ་གྱི་རྣམ་གྲངས་དང་། བློ་རིག་ཡུལ་སྐོར་རྣམ་གྲངས། དགེ་འཕེལ་དབུ་རྩེ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས། རུ་ཐོག་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས། ལྷ་ཀླུ་འདམ་རའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི། གཟི་བྱིན་བླ་མཚོའི་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས། རྒྱལ་ལམ་318མལ་གྲོ་གུང་དཀར་ལམ་དུམ་གྱི་སྒེར་འཁོར་ཡུལ་སྐོར་སྒར་ས་འཛུགས་སྐྲུན་རྣམ་གྲངས་བཅས་ཚང་མ་དོན་འཁྱོལ་བྱས་པས། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་སྔར་བས་ལེགས་སུ་ཕྱིན་པ།

    “དྲ་སྦྲེལ་དུས་རབས”དང“ཡུལ་སྐོར་ཐར་ཐོར་བའི་དུས་རབས” “རང་གཤིས་ཅན་གྱི་ཡུལ་སྐོར་དུས་རབས”བཅས་ཀྱི་ཡུལ་སྐོར་ཁྲོམ་རའི་ཁྱད་ཆོས་ལ་གཞིགས་ནས། ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ“ཡུལ་སྐོར+”གྱི་རྣམ་པར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཟབ་པའི་བྱེད་སྒོ་ཆེ་གྲས་དང་འགྲན་དོན་གཞི་རྟེན་དུ་བྱས་ནས། དྲིལ་བསྒྲགས་ཀྱི་ཐབས་ལམ་ཇེ་ཡངས་སུ་བཏང་བ་དང་གྲོང་ཁྱེར་གྱི་གཟུགས་བརྙན་སྤྱི་ཡོངས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

    མ་དངུལ་སྒོར་ཁྲི་375བཏང་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་མཉམ་དུ་ལྷ་སའི་ཡུལ་སྐོར་དྲིལ་བསྒྲགས་པར་གཞི“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ལྷ་ས”པར་བརྒྱབ་སྟེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་ལྷ་སའི་ཡུལ་སྐོར་ཐོན་ཟོག་དང་གྲོང་ཁྱེར་གྱི་གཟུགས་བརྙན་མངོན་པར་བྱས་པས་དྲ་ཐོག་ཏུ་ལྟ་ཚད་མང་ཤོས་ཀྱི་བརྙན་ཐུང་དུ་གྱུར་ཡོད། ཞོ་སྟོན་གྱི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་གནམ་མཚོ་རྒྱལ་སྤྱིའི་རྐང་ཐང་འདུ་ཚོགས་ད་བར་བསྟུད་མར་སྐབས་བཅུ་གཅིག་གཉེར་བ་དང་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་རྐང་ཐང་ལ་དགའ་པོ་བྱེད་མཁན་མང་པོའི་ཡིད་དབང་བཀུག་པས་ལྷ་སའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་གང་ལེགས་བྱས་ཡོད་ལ་ལྷ་སའི་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་ཀྱང་མཐོ་རུ་ཕྱིན་ཡོད།

    ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ།

    2017ལོའི་ལོ་མཇུག་བར། ལྷ་སར་ཡུལ་སྐོར་ཐོན་ལས་གླིང་2(བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དང་སྟོད་ལུང་བདེ་ཆེན་ཞང་ཞུང་མེ་ཏོག་ཡུལ་སྐོར་ཐོན་ལས་གླིང་)ཡོད་པ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་20(A5རིམ་པའི་མཛེས་ལྗོངས་ཁུལ་2སྟེ། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང)ཡོད་པ་དང་། སྐར་མ་རིམ་པའི་མགྲོན་ཁང་(གསོལ་མགྲོན་ཁང)141ཡོད་པ། ཡུལ་སྐོར་སྣེ་ལེན་ཁང་300ལྷག་དང་། ཆེད་ལས་ཡུལ་སྐོར་སྣེ་ཤན་པ་3200ལྷག ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་3500བཅས་ཡོད། གཞུང་ཁོངས་རིག་གནས་ཡུལ་སྐོར་ཚོགས་པ་1(ཕོ་བྲང་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པ)དང་། ཡུལ་སྐོར་འཁྲབ་སྟོན་ལེ་ཚན་5(《ཝུན་ཤིང་ཀོང་ཇོའི》དངོས་ལྗོངས་ཟློས་གར་དང་། བདེ་སྐྱིད་ལྡན་པའི་ལམ་བུ། ཧི་མ་ལ་ཡ། དུས་བཞིའི་འབྲོག་གླུ། སྐྲུན་བཞིན་པའི《གྱིམ་ཤིང་ཀོང་ཇོའི》ཚོགས་ཁང་ནང་གི་ཟློས་གར)ཡོད། ལས་སྒོ་གཉེར་ཟིན་པའི་ཡུལ་སྐོར་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་5(སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོ་དང་། མལ་གྲོ་གུང་དཀར་རྒྱ་མ་ཤང་། འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ། ཁྲེང་ཀོན་ཆུས་དོག་སྡེ་ཤང་འོད་པ་གྲོང་ཚོ། ཆུ་ཤུར་རྫོང་ཚལ་སྣེ་ཤང)ཡོད། ཀུན་སྤྱོད་མཁའ་འགྲུལ་ཀུང་སི་2དང་ཡུལ་སྐོར་གྲུ་གཟིངས་ཁེ་ལས་1ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཐོན་ལས་ལ་ལས་ཀ་བྱེད་མཁན་མི་ཁྲི་11.89ལྷག་ཙམ་ཡོད་པའི་ནང་ས་གནས་དེ་གའི་བོད་རིགས་མང་ཚོགས་ཁྲི་6.42ཡོད་པས་ཡུལ་སྐོར་ཐོན་ལས་མིང་དོན་མཚུངས་པའི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད།

    གཞན་ཡང་། 2016ལོར། ལྷ་ས་གྲོང་ཁྱེར་ཉིད་འཛམ་གླིང་ཡུལ་སྐོར་བྱ་དགའི“ཨེ་ཤེ་ཡ་ཤར་མ་དང་ཤར་ལྷོའི་ཁུལ་གྱི་ཡུལ་སྐོར་གྲོང་ཁྱེར་ཡག་ཤོས”སུ་བདམས་པས་བྱ་དགའ་དེ་ཐོབ་མཁན་རང་རྒྱལ་གྱི་གྲོང་ཁྱེར་འབའ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།