པེ་ཅིང་གི་དུས་ཚོད་ཚེས་6ཉིན་གྱི་སྔ་དྲོ་ཀྲུང་གོའི་རི་འཛེག་པ་བདུན་གྱིས་མེ་གླིང་བྱང་མའི་རི་བོ་མཐོ་ཤོས་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6194ཡོད་པའི་ཏི་ན་ལིའི་རི་རྩེར་འཛེགས་པ་རེད། པེ་ཅིང་གི་དུས་ཚོད་ཚེས་8ཉིན་རི་འཛེག་པ་ཚང་མ་ཏི་ན་ལི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ཁང་གནས་སའི་ཐའར་ཅི་ཐ་ནར་བདེ་འཇགས་ངང་འབྱོར་བ་རེད།
ད་ཐེངས་ཀྱི་རི་འཛེག་ནི་བོད་ལྗོངས་ལྷ་རི་རི་འཛེག་ཉེན་བརྟག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སིས་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་རི་འཛེག་རུ་ཁག་ཟླ་6ཚེས་22ཉིན་པེ་ཅིང་ནས་ཐོན་ཏེ་ཨ་རིར་བསྐྱོད་པ་རེད། རི་རྩེར་འཛེགས་པའི་མི་བདུན་ལས་གསུམ་ནི་ཀུང་སིའི་མཐོ་རིམ་སྣེ་ཤན་པ་དང་བཞི་ནི་རི་འཛེག་པ་རེད། དེ་མིན་རི་འཛེག་པ་གཅིག་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཙམ་ཡོད་པའི་སྒར་ས་གཉིས་པར་འཛེགས་པ་རེད། ཨ་རིའི་ས་གནས་དེ་གའི་ཉེན་བརྟག་མྱུལ་དཔྱད་ཀྲུང་སིའི“ཨར་པི་སི་རྒྱལ་སྤྱིའི་རི་འཛེག”གི་སྣེ་ཤན་པ་གསུམ་གྱིས་ལྷ་རི་རུ་ཁག་ལ་རོགས་སྐྱོར་བྱས་པ་དང་འབྲེལ་དུས་གཅིག་ཏུ་རི་རྩེར་འཛེགས་ཐུབ་པ་བྱུང་ཡོད།
བོད་ལྗོངས་ལྷ་རི་རི་འཛེག་ཉེན་བརྟག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རི་འཛེག་ནི་དེའི“7+2”(གླིང་ཆེན་བདུན་གྱི་རི་བོ་མཐོ་ཤོས་སུ་འཛེགས་པ་དང་འབྲེལ་ལྷོ་བྱང་མཐའ་སྣེའི་ས་ཚིགས་སུ་རྐང་ཐང་མར་སྐྱོད་པ)གོ་ལ་ཧྲིལ་པོའི་མྱུལ་ཞིབ་ཡུལ་སྐོར་བྱེད་སྒོའི་ས་ཚིགས་གཉིས་པ་རེད། འདི་ལོའི་ཟླ་དང་པོར་ཁོང་ཚོས་མི་བཅུ་སྒྲིག་འཛུགས་བྱས་ཏེ་མེ་གླིང་ལྷོ་མའི་རི་བོ་མཐོ་ཤོས་ཏེ་ཨ་ཁུང་ཅ་ཀོའི་རི་རྩེར་བདེ་བླག་ངང་འཛེགས་པ་རེད། སླད་ཕྱིན་ཀུང་སིས་རྒྱལ་ནང་གི་ས་བབ་མཐོ་བའི་གངས་རི་འཛེག་པའི་རྩལ་བྱང་ཆུབ་པའི“ལྷ་རིའི་རི་འཛེག་བྱེད་སྟངས”རྒྱལ་སྤྱིའི་ཁྲོམ་རར་བསྟན་རྒྱུ་དང་འབྲེལ་རི་འཛེག་སྐུ་མགྲོན་གྱི་སྣེ་ཁྲིད་དེ་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་རི་འཛེག་རིག་གནས་མི་འདྲ་བ་མྱོང་རོལ་ཐུབ་པའི་རེ་བའང་བྱེད་ཀྱི་ཡོད།
ཏི་ན་ལི་ཞེས་པ་ནི་ཨ་རིའི་ཨ་ལ་སི་ཅ་ཀྲོའུ་ཡི་དབུས་ལྷོར་གནས་པ་དང་། འཕྲེད་ཚད་བྱང་སྣེའི་མུ་ཁྱུད་ཀྱི་ཉེ་འཁོར་དུ་ཡོད་པ། གནམ་གཤིས་གྲང་ངར་ཆེ་བ། འཁྱགས་གས་ཁུལ་དང་འཁྱགས་རུད་ཁུལ་མང་བ། རི་འཛེག་དཀའ་ངལ་ཆེ་བ་བཅས་ཀྱི་རི་བོ་ཞིག་རེད། “ཏི་ན་ལི”ཞེས་པ་ནི་ཨ་ལ་སི་ཅའི་ས་གནས་ཀྱི་སྐད་ཡིག་རིགས་ཤིག་ནང“མཐོ་པོ”ཞེས་པའི་དོན་རེད། གསེར་འདོན་པར་སྐྱོད་པའི་མཐོ་རླབས་འཕྱུར་བའི་རིང་གི་1896ལོར་གསེར་འདོན་མཁན་ཞིག་གིས་སྐབས་དེར་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་པའི་མས་ཅིན་ལི་ཡི་མིང་རི་བོ་དེར་བཏགས་པ་དང་2015ལོར་ཨ་རི་སྲིད་གཞུང་གིས་རི་བོ་དེར་ཏི་ན་ལི་རི་བོ་ཞེས་པར་མིང་བསྒྱུར་ནས་ཁྱབ་བསྒྲགས་བྱས་ཏེ་ས་གནས་དེ་གའི་རིག་གནས་ལ་བརྩི་འཇོག་བྱ་ཚུལ་མཚོན་པར་བྱས་ཡོད།