དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བྲག་ཆུ་གྲོང་རྡལ་གྱི་འགྲིམ་འགྲུལ་དང་ཞིམ་ཟས་དེ་བཞིན་མཛེས་ལྗོངས་གོང་འཕེལ་ཕྱིན་པའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-03

    འགྲིམ་འགྲུལ་ལྟེ་གནས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ།

    527193_yis_1530248737422.jpg

    འདི་ནི་ཁམ་བུའི་མེ་ཏོག་གིས་བརྒྱན་པའི་བྲག་ཆུ་གྲོང་རྡལ་གྱི་མཛེས་ཉམས་ཡིན་པ།

    བྲག་ཆུ་གྲོང་རྡལ་གྱི་ས་བབ་གལ་འགངས་ཇི་ཙམ་ཆེ་བ་ཡོད་དམ།

    རྒྱ་ཆུང་ས་ནས་བལྟས་ན་དེ་ནི་ཀོང་པོ་རྒྱ་མདའ་རྫོང་གི་ཤར་ཕྱོགས་སུ་གནས་པ་དང་། ཤར་ལྷོ་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་དང་ཐག་ཉེ་ལ་ནུབ་གྲོང་གསར་ཤང་དང་སྦྲེལ་ཡོད་པ་དང་། བྱང་འབྲུག་ལ་ཤང་དང་མཚོ་མགོ་ཤང་དང་སྦྲེལ་ཡོད་པ་རེད།

    རྒྱ་ཆེ་ས་ནས་བལྟས་ན། དེ་ནི་རྒྱལ་ལམ་318རྒྱུད་དུ་གནས་པ་དང་རང་འཁོར་གཏོང་བའི་ཡུལ་སྐོར་བ་བོད་དུ་སྐྱོད་སའི་བགྲོད་ལམ་ཡིན། 2017ལོར་རླངས་འཁོར་ཤར་གཏོང་ཐུབ་པའི་ལྷ་ཉིང་མཐོ་རིམ་གཞུང་ལམ་དེ་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་བོད་ཤར་ལྷོ་དབར་གྱི་འགྲིམ་འགྲུལ་གྱི་ལྟེ་གནས་ཆེན་པོ་ཡིན་པའི་ངོས་ནས་བྲག་ཆུ་གྲོང་རྡལ་དུ་འཛུལ་སྒོ་དང་ཐོན་སྒོ་བཟོས་ཡོད།

    ཐུན་མོང་མ་ཡིན་པའི་ངོས་ནས་བརྗོད་ན། དེ་ནི་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་བྲག་གསུམ་མཚོར་སྐྱོད་སའི་བརྒྱུད་དགོས་ངེས་ཀྱི་ལམ་ཡིན་པ་དང་། མཛེས་ལྗོངས་སུ་སྐྱོད་སའི་ལམ་ཡང་གྲོང་རྡལ་ཆུང་ངུའི་མ་ལམ་གཙོ་བོ་ཡིན།

    དེར་བརྟེན་བྲག་ཆུ་གྲོང་རྡལ་དེ་འགྲིམ་འགྲུལ་གྱི་ལྟེ་གནས་གཏན་འཁེལ་བ་ནི་མིང་དོན་མཚུངས་པ་ཞིག་རེད། གཞན་ཡང་བྲག་ཆུ་གྲོང་རྡལ་འཕེལ་རྒྱས་དང་འཕོ་འགྱུར་ཁྲོད་འགྲིམ་འགྲུལ་གྱིས་བཟུང་བའི་གནས་བབ་ངེས་ཅན་ཞིག་ལོ་རྒྱུས་ཁྲོད་རེ་ཟུང་མཐོང་རྒྱུ་ཡོད།

    དུས་རབས་གོང་མའི་ལོ་རབས་90པར་རི་ཀླུང་ཀུན་ནགས་ཚལ་གྱིས་ཁེངས་ཡོད་པས་ཤིང་གཅོད་ལས་རིགས་དེ་བྲག་ཆུ་གྲོང་རྡལ་དང་ཉེ་འཁོར་ཤང་གྲོང་དུ་དར་བ་དང་། ཤིང་ཆ་སྐྱེལ་འདྲེན་གྱི་འཁོར་རིགས་གྲོང་ཚོའི་དབར་ཕར་འགྲོ་ཚུར་འོང་བྱེད་པ་དང་ལྗོན་ཤིང་གང་བྱུང་གཅོད་པའི་གནས་ཚུལ་ཡང་རྟག་ཏུ་ཐོན་གྱི་ཡོད་པས། གནད་དོན་དེར་སྐབས་དེའི་སྲིད་གཞུང་ཡང་ཅི་བྱ་གཏོལ་བྲལ་དུ་གྱུར་ཡོད།

    བྲག་ཆུ་གྲོང་རྡལ་གནས་ཡུལ་ནི་ཁོངས་གཏོགས་གྲོང་ཚོ་དང་དེ་བཞིན་མཚོ་མགོ་ཤང་དང་འབྲུག་ལ་ཤང་ནས་ཕྱི་རོལ་ཡུལ་ལ་སྐྱོད་སའི་ཐོན་སྒོ་གཙོ་ཆེ་ཤོས་ཡིན་ལ་དེ་གར་དོ་དམ་ཚོད་འཛིན་གྱི་སྒྲིག་གཞི་བཙུགས་ན་ཧ་ཅང་གོ་ཆོད་ཤོས་ཤིག་རེད།

    དེར་བརྟེན་1999ལོར་སྐབས་དེ་དུས་ཤང་སྲིད་གཞུང་དང་མཚུངས་པའི“ཞོ་ཁ་ཤང” དེ་ཅུང་ཐག་རིང་བའི་བརྩོན་མོ་རྫོང་གྲོང་ཚོ་ནས་ད་ལྟའི་བྲག་ཆུ་གྲོང་རྡལ་གནས་ཡུལ་དུ་སྤོས་ནས་ཞོ་ཁ་ཤང་དེ“བྲག་ཆུ་གྲོང་རྡལ”ཞེས་པར་མིང་བསྒྱུར་པ་རེད། ལོ་དེའི་ཟླ་5པར་ཀོང་ཏུང་ཞིང་ཆེན་གྱི་རོགས་སྐྱོར་འོག་བྲག་ཆུ་གྲོང་རྡལ་དུ་ཨར་སྐྲུན་བྱེད་འགོ་ཚུགས་ནས་བྱེད་ནུས་ཆ་ཚང་བ་དང་། འགྲིམ་འགྲུལ་སྟབས་བདེ་བ། ཁོར་ཡུག་ལྟ་ན་སྡུག་པ། ཕར་འགྲོ་ཚུར་འོང་གི་འགྲུལ་པར་ཞག་སྡོད་བྱ་ཡུལ་བཅས་ཡོད་པའི་གྲོང་རྡལ་ཡག་པོ་ཞིག་རགས་ཙམ་ཆགས་པ་རེད།

    2000ལོ་ཤར་ཚུན། བོད་ཀྱི་ཡུལ་སྐོར་ལས་རིགས་རིམ་གྱིས་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ལམ་318རྒྱུད་ནས་བོད་དུ་སྐྱོད་མཁན་ཡུལ་སྐོར་བ་ཡང་ཇེ་མང་དུ་སོང་ཡོད། བྲག་ཆུ་གྲོང་རྡལ་གྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་གྱིས་ཁྱིམ་ཚང་མགྲོན་ཁང་དང་། སྣོད་བཅུད་ཡུལ་སྐོར། ཁྱད་ལྡན་བཟའ་བཏུང་སོགས་ལ་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་སྐད་གྲགས་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པས། “བོད་ཀྱི་སྒོར་ཁྲི་གཅིག་གི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ཡོད་པའི་གནམ་གསལ་གྲོང་ཚོ་ནི་སྐབས་དེ་དུས་བྲག་ཆུ་གྲོང་རྡལ་ཡར་རྒྱས་གོང་འཕེལ་ཕྱིན་པའི་བསྡུས་རིས་ཤིག་རེད།

    གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་ཐོབ། ས་བབ་ཀྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་2016ལོར་བྲག་ཆུ་གྲོང་རྡལ་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་རྣམ་གྲངས་ཁོངས་སུ་བཅུག་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡན་ལག་རྣམ་གྲངས་ཁྱོན་16འཆར་འགོད་བྱས་པར་མ་འཇོག་སྒོར་ཁྲི་27246.2བཏང་བའི་ནང་གྲོང་རྡལ་གྱི་འགྲོ་ལམ་དང་། ཆུ་མཁོ་འདོན་དང་ཆུ་འབུད། བཙོག་ཆུ་གཙང་གསིང་། ཆུ་ཀ་ལ་བཟོ་གྲྭ། རྣམ་སྲས་སྤྱི་གླིང་། མི་རིགས་ལམ་གྱི་ཁྲོམ་གཞུང་རྣམ་པའི་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་སོགས་ཚུད་ཡོད། གསར་སྐྲུན་རྣམ་གྲངས་རིམ་གྱིས་ལས་འགོ་ཚུགས་པ་དང་2019ལོའི་ལོ་འགོར་ཚང་མ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

    ཞིམ་ཟས་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་གྱི་ཡིད་དབང་བཀུག

    527194_yis_1530248738093.jpg

     འདི་ནི་བྲག་ཆུ་གྲོང་རྡལ་ཁྲོམ་གཞུང་དུ་བསྐྱོད་མཁན་ཡུལ་སྐོར་བ་ཡིན་པ།

    “བྲག་ཆུའི་ཉ་ཤའི”བྲོ་བ་ཞིམ་ལ་ཤ་སྙི་བ་ཞིག་ཡོད། བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་ནང་འཁོད་པར་གཞིགས་ན་ཉ་དེར་སྨན་གྱི་རིན་ཐང་ཆེན་པོ་ཡོད་ལ་ད་དུང་རྣམ་པ་མཛེས་བཟོ་དང་ཞལ་སོས་ཀྱི་ནུས་པ་ངེས་ཅན་ལྡན་ཡོད་པ་རེད།

    2014ལོ་ནས་བཟུང་། ཀོང་པོ་རྒྱ་མདའ་རྫོང་གིས་རྫོང་དེ་ཡོངས་སུ་ཉ་འཛིན་མི་ཆོག་པའི་བཀའ་རྒྱ་བཏང་ཚུན། “བྲག་ཆུའི་ཉའི”ཉ་རིགས་ལ་འགྱུར་ལྡོག་བཏང་ནས་གཡོས་སྦྱོར་བྱེད་སྟངས་ཀྱི་ཐོག་ནས་ཉ་རིགས་གཞན་གྱིས་བྲག་ཆུའི་ཉའི་ཚབ་བྱེད་ཀྱི་ཡོད།

    བྲག་ཆུ་གྲོང་རྡལ་དུ་ཟ་ཁང་འཛུགས་ཡུན་རིང་ཤོས་ཀྱི་ཉ་ཤ་ཟ་ཁང“བྲག་ཆུའི་ཉ་ཤ་ཁང”ནི་འགྱུར་ལྡོག་དེ་བརྒྱུད་མྱོང་མཁན་ཞིག་རེད།

    ཉིན་དགུང་ཆུ་ཚོད་12ཙམ་ནི་དགུང་ཟས་ཟ་བའི་དུས་ཡིན། བྲག་ཆུའི་ཉ་ཤ་ཁང་གི་རྒྱབ་ཀྱི་སྒོ་རའི་ནང་སྔ་ས་ནས་སྒེར་འཁོར་དང་། ཚོང་དོན་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་སོགས་ཀྱིས་ཁེངས་ཡོད་པ་དང་སྦྱིན་བདག་ཨ་མ་ཀྲང་ཅན་ལན་གྱིས་བྲེལ་འཚུབ་ཆེན་པོས་ཚོམས་ཆེན་ནང་གི་སྐུ་མགྲོན་ལ་སྣེ་ལེན་བྱེད་བཞིན་ཡོད།

    ཁོང་གིས་སྣེ་ལེན་བྱེད་ཞོར་གསར་འགོད་པར་ཉ་ཤ་ཁང་གིས་གཙོ་བོ་ཁྲུང་ཆིང་ཐུང་ནན་བྲོ་བའི་ཉ་ཤ་བཟོ་ཡི་ཡོད་པ་དང་རྒྱུ་ཆ་གཙོ་བོ་ནི་ཉིང་ཁྲི་གྲོང་ཁྱེར་ཉེ་འགྲམ་གྱི་གསོ་ཚགས་ར་བའི“པང་པང་ཉ”ཡིན། དྭངས་གསལ་དུས་ཆེན་དང“ལྔ་གཅིག”སོགས་དུས་ཐུང་ངལ་གསོའི་རིང་ཚོང་ཧ་ཅང་ཡག་པོ་ཡོད་པས་ཉིན་རེར་མི་700ལྷག་ལ་སྣེ་ལེན་ཞུ་ཡི་ཡོད། 1992ལོ་ནས་ད་བར། “བྲག་ཆུའི་ཉ”ནི་བྲག་ཆུའི་ཟ་བཏུང་ལས་རིགས་ཀྱི་བཀྲག་མདངས་འཚེར་ཤོས་ཀྱི་མིང་བྱང་ལྟ་བུར་གྱུར་ཡོད།

    རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་འཕེལ་བ།

    བྲག་ཆུ་གྲོང་རྡལ་བཙུགས་ནས་དུས་ཡུན་ཇི་ཙམ་སོང་ཡོད་དམ། གྲོང་རྡལ་དུ་གྱུར་པ་ནས་ད་བར་ལོ་19ལས་ཕྱིན་མེད།

    བྲག་ཆུ་གྲོང་རྡལ་ག་དུས་ཆགས་ཡོད་དམ། ལོ་ངོ་1600གོང་གི་དམག་འཁྲུག་ཁྲོད་བྱུང་ཡོད།

    ཤུ་པའི་གནའ་བོའི་མཁར་རྫོང་ནི་ལོ་ངོ་1600ལྷག་ཕྱིན་པའི་དཔང་པོ་བ་ལྟ་བུ་ཡིན།

    1999ལོར་ཀྲུང་གོ་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་ཚོས་ཆེད་མངགས་གནའ་བོའི་མཁར་རྫོང་དེར་ཁུངས་འཚོལ་ར་སྤྲོད་བྱས་པ་བརྒྱུད། གནའ་བོའི་མཁར་རྫོང་དེ་ནི་ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བསྐྲུན་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། མཁར་རྫོང་དེ་རྡོ་ལྷེབ་དང་པང་ལེབ་ལས་གྲུབ་པ་དང་ནང་གི་བར་མཐོངས་ཆུང་ལ་ཐོག་བཀབ་མེད་པ་དང་ཕྱིའི་རྣམ་པ་ནི་ངོས་12དང་གཟེ་དབྱིབས་ཅན་གྱི་ཀ་བ་12ལས་གྲུབ་པའི་དབྱིབས་གཟུགས་ཤིག་ཡིན་པའི་ཁར་ནང་ངོས་ནི་ཟུར་བརྒྱད་དབྱིབས་ཅན་ཡིན། མཁར་རྫོང་གི་གྱང་གི་ཞེང་ཚད་ལ་སྨི་2ཡོད་པས་ཧ་ཅང་མཁྲེགས་པ་དང་ངོས་སུ་པང་ལེབ་བཏང་ཡོད་པ་ནི་གཞན་ལ་ཕར་རྒོལ་བྱེད་བདེ་བའི་ཆེད་དུ་རེད།

    ད་བར་ལོ་1600ལྷག་ཙམ་སོང་ཡང་གནའ་བོའི་མཁར་རྫོང་སྔར་བཞིན་བརྗིད་ཆགས་ལྡན་པ་དང་མཁར་རྫོང་ནང་བསྐྱོད་སྐབས་གནའ་བོའི་དམག་སར་སླེབས་པ་ལྟར་དམག་ཧྲག་རྟ་ཧྲག་དང་དམག་འཁྲུག་གི་རྣམ་པ་མིག་ལམ་དུ་འཆར།

    ད་ཆ་ཤུ་པའི་གནའ་བོའི་མཁར་རྫོང་དེ་ཡུལ་སྐོར་བས་ལོ་རྒྱུས་ཤེས་རྟོགས་བྱེད་པ་དང་རིག་གནས་མྱོང་རོལ་བྱེད་སའི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཏེ་ཉིན་ལྟར་མི་མང་པོ་ཞིག་ལྟ་བར་ཡོང་གི་ཡོད་པ་རེད།

    ཤུ་པའི་གནའ་བོའི་མཁར་རྫོང་དང་བསྡུར་ན་བྲག་ཆུ་གྲོང་རྡལ་དང་བར་ཐག་སྤྱི་ལེ་30ཡོད་པའི་བླ་རི་གྲོང་ཚོའི་དཔྱིད་དུས་ཀྱི་རྣམ་པ་ཧ་ཅང་མཛེས་པོ་ཡོད། དེར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོ་སྤེལ་ཡུལ་ཡིན་པ་དང་མེ་ཏོག་རབ་ཏུ་བཞད་པའི་སྐབས་ཉིན་ལྟར་ཡུལ་སྐོར་བ་སྟོང་ཕྲག་ལྷག་ཙམ་དེ་གར་ཡོང་གི་ཡོད་པས་གྲོང་མི་ཚོར་ཡང་ཡུལ་སྐོར་གྱི་ཡོང་འབབ་ངེས་ཅན་རག་གི་ཡོད་པ་རེད།

    བྲག་ཆུ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲེན་ཀྲང་ཤའོ་ཅན་གྱིས་མིག་སྔར་བྲག་ཆུ་གྲོང་རྡལ་གྱིས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཟུང་འབྲེལ་བྱེད་བཞིན་ཡོད་པས་ཡུལ་སྐོར་ལས་རིགས་ནི་དེའི་ཁྲོད་ཀྱི་གཙོ་གནད་ཐོན་ལས་ཤིག་ཡིན། སྤྱིའི་བསམ་ཕྱོགས་དེ་བྲག་ཆུ་གྲོང་རྡལ་གྱི་འཛུལ་སྒོ་ནས་བཀོད་ཇུས་བཏིང་བ་དང་ལམ་བར་གྱི་ཤིང་འབྲས་སྔོ་ཚལ་ལས་རིགས་འདེབས་འཛུགས་ལ་བརྟེན་ནས“མཉམ་འགུལ་རང་བཞིན་གྱི་ཞིང་ལས”དང“ཞིང་ནང་ཕྱོགས་བསྡུས་རྣམ་པ”སོགས་བཏོད་པ་དང་དུས་མཚུངས་ཞིང་པའི་སྤྲོ་སྐྱིད་ཁང་དང་། བོད་ཁྱིམ་སྤྲོ་སྐྱིད་ཁང་། གྲོང་མིའི་སྡོད་ཁང་སོགས་ལ་བརྟེན་ནས་ཡུལ་སྐོར་བར་སྤྲོ་སྣང་ལྡན་པའི་ཡུལ་སྐོར་བྱེད་སེམས་སྐྱེ་ཐུབ་ཅེས་ངོ་སྤྲོད་བྱས།

    “གསོ་ཚགས་ལས་རིགས་ལ་དཔེ་བཞག་ན། བྱ་གསོ་ར་བ་དང་ཞིང་པའི་སྤྲོ་སྐྱིད་ཁང་ཟུང་འབྲེལ་བྱས་ནས་ཚོང་ཁང་དང་ར་བ་བཏོད་དེ་ཡུལ་སྐོར་བར་བྱ་དེར་ལྟོ་སྟེར་བ་དང་སྒོ་ང་སྒྲུག་པ་སོགས་ཀྱི་མྱོང་རོལ་བྱེད་དུ་བཅུག་པ་མ་ཟད། ཁོང་ཚོ་ལྟོ་བཟོ་བ་སོགས་ཀྱི་ལས་ནང་ཞུགས་སུ་འཇུག་ཆོག ཞིང་ཁའི་ཕྱོགས་བསྡུས་རྣམ་པ་ནི་ཡུལ་སྐོར་བ་འགྱིག་ཤོག་དྲོད་ཁང་ནང་དུ་བསྐྱོད་ནས་སྔོ་ཚལ་འཐུ་བ་དང་ཁོང་ཚོ་འགྱིག་ཤོག་དྲོད་ཁང་ནང་གི་མེ་ཏོག་ཡིང་ཧྭ་ལ་ལྟ་ཆོག་པ་དང་ལྟ་སྐོར་བྱེད་པའི་སྡོང་ཕྲུག་དེ་དག་ཕྱིར་ཚོང་བྱེད་ཆོག་གི་ཡོད། གཞན་ཡང་ས་ཆ་བརྒྱུད་བཤུག་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་ཐབས་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆོག”ཅེས་ཤའོ་ཅན་གྱིས་བཤད་པ་རེད།

    527191_yis_1530248736611.jpg

    འདི་ནི་ཤུ་པའི་བརྗིད་ཉམས་ལྡན་པའི་གནའ་བོའི་མཁར་རྫོང་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།