“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་སྲིད་ཇུས་བཏོན་པ་དང་དུས་ཚོད་རིང་དུ་བཏང་བ་ལས་བོད་དུ་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་ལྔ་པའི་བར་ལྗོངས་ཡོངས་ཀྱིས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་559ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་70.59ཟིན་པ་དེ་དུས་མཚུངས་ལས་38%དང་41.4%སོ་སོར་འཕར་བ་རེད།
ཟླ་5པའི་ཟླ་མཇུག་གི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་མཛེས་ལྗོངས་ཁུལ་དུ་རི་རྩེའི་གངས་བཞུར་མེད་པ་དང་ལུང་ཤུར་གྱི་རྩ་ཆེའི་རྩི་ཤིང་པད་མ་སེར་པོ་རབ་ཏུ་བཞད་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
གནམ་གཤིས་ཀྱི་ཆ་རྐྱེན་དང་ས་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ནས་བོད་ཀྱི་ཡུལ་སྐོར་ཐད་དེ་སྔ“དབྱར་དུས་མང་ལ་དགུན་དུས་ཉུང་བའི”སྣང་ཚུལ་མངོན་གསལ་དོད་པོ་ཡོད་མོད། འོན་ཀྱང་གསར་འགོད་པས་ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་སོགས་ཀྱི་མཛེས་ལྗོངས་ཁུལ་ཁག་གཅིག་ཏུ་བཅར་འདྲི་བྱེད་སྐབས། འདི་ལོའི་དགུན་ཁར་བོད་དུ་ཡུལ་སྐོར་བྱེད་མཁན་དེ་སྔ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཟླ་5པར་བོད་དུ་ཡུལ་སྐོར་བྱེད་མཁན་དེ་བས་མང་པོ་ཡོད་པ་ཤེས་རྟོགས་བྱུང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་5པ་ཁོ་ནར་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་292.28ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.7%འཕར་ཡོད། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་འདི་ལོ་བཏོན་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་བྱེད་སྒོ་ལས་ཕན་པ་ཐོབ་པ་ཞིག་རེད།
བྱེད་སྒོ་སྤེལ་རིང་བཏོན་པའི་སྲིད་ཇུས་ལ་གཞིགས་ན། ཡུལ་སྐོར་བས་ཟླ་2ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར་Aརིམ་པའི་མཛེས་ལྗོངས་ཁུལ་115རུ་སྒོ་འཛིན་ཉོ་མི་དགོས་པ་དང་དེ་བཞིན་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་། ཡུལ་སྐོར་འཁོར་རིགས། མཁའ་འགྲུལ་སོགས་ཐད་གཟིགས་སྐྱོང་མང་པོ་ཡོད། གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་ཟླ་6ཚེས་30ཉིན་བར་རྒྱུན་མཐུད་རྒྱུ་རེད།
རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་དེ་བོད་ལ་ས་ཁོངས་ཧྲིལ་པོ་དང་དུས་དང་རྣམ་པ་ཀུན་ཏུ་ཡུལ་སྐོར་བྱེད་པ་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་ཡུལ་སྐོར་བྱེད་སྟངས་གསར་པ་གཏོད་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།