འདི་ནི་ཀླུ་ནང་སྐབས་གཉིས་པའི་རྡོ་ཁོག་གསོལ་སྟོན་བཤམས་ཡུལ་ཡིན་པ།
ཡུལ་སྐོར་བས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ལ་མོས་རྡེབ་བྱེད་བཞིན་པ།
ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་གུང་མཚོ་ཡིན་པ།
“བོད་སྐྱོར་འཛུགས་སྐྲུན་མ་དངུལ་ཁྲིད་སྟོན་དུ་བྱས་ནས་སྤྱི་ཚོགས་མ་དངུལ་ནང་འདྲེན་ཧུར་ཐག་བྱས་ཏེ་མཉམ་ཞུགས་བྱས་ནས་ཀླུ་ནང་གྲོང་རྡལ་དེ་ཉིད་རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་ཡུལ་སྐོར་གྲོང་རྡལ་ཆུང་གྲས་བཏོད”2010ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་བཏོན་པའི་འཐབ་ཇུས་བསམ་ཕྱོགས་ལ་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་དང་ཚད་མཐོའི་གདེང་འཇོག་ཐོབ་ཡོད། དེས་ན“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་རྣམ་གྲངས”བཏོན་པ་དང་དེ་ཀོང་ཏུང་ཞིང་ཆེན་གྱིས་གཙོ་གནད་བོད་སྐྱོར་རྣམ་གྲངས་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ལ་གཏན་འཁེལ་བྱས་པ་རེད།
2011ལོའི་ཟླ་9པར་རྒྱ་ཁྱོན་མུའུ་1288(མིས་བཟོས་མཚེའུའི་རྒྱ་ཁྱོན་ཚུད་མེད་པ)ཟིན་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར་35ཟིན་པའི“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་རྣམ་གྲངས”ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིབ་བཤེར་མཆན་བཀོད་གནང་བ་རེད།
“བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་གསར་སྤེལ་དང་འཛུགས་སྐྲུན་བྱེད་པར་ཁོར་ཡུག་བློས་གཏོང་རྒྱུ་དེ་རིན་དོད་དུ་གཏན་ནས་བྱེད་མི་རུང་། ཁོར་ཡུག་སྲུང་སྐྱོང་ནི་བསམ་གཞིག་བྱེད་སའི་རྒྱུ་རྐྱེན་གཙོ་བོ་ཡིན”དེ་ནི་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུན་མོང་ངོས་འཛིན་ཡིན།
དེར་བརྟེན། འཛུགས་སྐྲུན་བྱེད་འགོ་རྩོམ་སྐབས། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་འཆར་གཞི་སྔོན་འགོད་མཐའ་འཁྱོངས་བྱས་ཏེ་པེ་ཅིང་སློབ་ཆེན་ཀྲུང་གོ་གྲོང་ཁྱེར་ཇུས་འགོད་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས། “བོད་ཀྱི་རིག་གནས། རང་བྱུང་སྣོད་བཅུད། དྭངས་གཙང་ལྷད་མེད། དེང་རབས་དར་སྲོལ”བཅས་ཀྱི་འདུ་ཤེས་དང་གྲོང་རྡལ་ཆུང་གྲས་ལ་སྤྱིའི་ཇུས་འགོད་དང་དོན་སྤྱི་རང་བཞིན་གྱི་འཛུགས་སྐྲུན་ཇུས་འགོད་བྱས་ཤིང་། ཀོང་ཏུང་ཞིང་ཆེན་གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གིས་སྤྱིའི་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་ཞིབ་ཚགས་འཆར་འགོད་སྒྲིག་བཟོའི་འགན་ཁུར་བ་དང་འབྲེལ་འཆར་འགོད་ལྟར་འཛུགས་སྐྲུན་ཇུས་འགོད་དང་ཨར་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འཆར་འགོད་རྩེ་གྲ་དེ་རྣམ་གྲངས་རྩེ་གྲར་འགྱུར་རྒྱུར་འགན་ལེན་བྱས་པ་རེད།
2013ལོའི་ཟླ་4ཚེས་29ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་5པའི་ཐོག《ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་སྤྱིའི་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་ཞིབ་ཚགས་འཆར་འགོད》ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། ཨར་སྐྲུན་བྱེད་འགོའང་ཚུགས་པ་རེད།
བོད་ཀྱི་དམིགས་བསལ་ས་བབ་དང་རང་བྱུང་ཁོར་ཡུག་ལས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་དང་འཛུགས་སྐྲུན་ཐད་བླང་བྱ་ནན་པོ་མང་པོ་བཏོན་ཞིང་། དེས་ན་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་བསྐྲུན་སྐབས་ངེས་པར་དུ་སྣོད་བཅུད་བདེ་འཇགས་ཀྱི་དམར་ཐིག་དང་མཐའ་ཚད་བརྟན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
སྲོལ་རྒྱུན་གྱི་ར་བ་དང་། ཤིང་དང་རྫ་གཡམ་ཁང་། རྒྱ་ཆེ་བའི་སྒོ་ར་བཅས་ནི་ཀོང་པོ་ས་ཁུལ་གྱི་དམིགས་བསལ་དུ་ཡོད་པའི་ཡུལ་མིའི་སྡོད་ཁང་གི་འཛུགས་སྐྲུན་གྱི་ཉམས་འགྱུར་ཡིན་པས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་བཟོ་བཀོད་ཚང་མ་ནི་ཀོང་པོའི་བོད་བཟོའི་ཉམས་འགྱུར་ལྡན་པའི་ར་བ་དང་ཤིང་དང་རྫ་གཡམ་ཁང་བསྐྲུན་པའི་ཆ་རྐྱེན་དང་འཚམ་དགོས།
“རང་ས་ཁུལ་དང་མི་རིགས་ཀྱི་བཟོ་བཀོད་ནི་ང་ཚོས་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བར་སྟོན་དགོས་པ་དེ་ཡིན”དེ་ལྟར་གྲོང་རྡལ་ཆུང་གྲས་བསྐྲུན་སྐབས། རང་ས་ཁུལ་གྱི་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་རྒྱུར་མཐའ་འཁྱོངས་བྱས་ནས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་ཐུན་མོང་མིན་པའི་རང་བཞིན་དང་དམིགས་བསལ་རང་བཞིན་མངོན་པར་བྱས་ཡོད།
སྤུས་ཚད་དང་ཁོར་ཡུག་སྲུང་སྐྱོང་ནི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཆར་འགོད་དང་འཛུགས་སྐྲུན་བྱེད་རིང་ནན་བཤད་བྱེད་པའི་གཙོ་གནད་ཡིན། ཁོར་ཡུག་སྲུང་སྐྱོང་གི་ལེ་ལག་ཚང་བའི་སྒྲིག་བཀོད་ངེས་པར་དུ་འཐུས་ཚང་ཡིན་དགོས་པ་དང་། གད་སྙིགས་དང་བཙོག་ཆུ་ངེས་པར་དུ་གཙང་གསིང་ནན་པོ་བྱས་ནས་ཁོར་ཡུག་ལ་སྦགས་བཙོག་མི་ཡོང་བ་དང་ཁོར་ཡུག་ལ་གནོན་ཤུགས་མི་ཡོང་བ་བྱེད་དགོས། གསར་འགོད་པས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་ནུབ་ཁུལ་དང་བྱང་ཁུལ་དུ་ཚད་གཞི་མཐོན་པོའི་ངང་གད་སྙིགས་དབོར་སྐྱེལ་ས་ཚིགས་དང་བཙོག་ཆུ་གཙང་གསིང་བཟོ་གྲྭ་སོགས་ཁོར་ཡུག་སྲུང་སྐྱོང་གི་ལེ་ལག་ཚང་བའི་སྒྲིག་བཀོད་སྐྲུན་ཡོད་པ་རེད།
གསར་འགོད་པས་བཅར་འདྲི་བྱེད་པའི་ཉིན་དེར། ཀླུ་ནང་སྐབས་གཉིས་པའི་མི་སྟོང་གི་རྡོ་ཁོག་གསོལ་སྟོན་དང་སྐབས་འཁེལ་བས་གནམ་སྔོན་སྤྲིན་དཀར་དང་བརྗིད་ཆགས་གངས་རིའི་འདབས་ཀྱི་བོད་ཀྱི་ཡུལ་སྲོལ་གྱིས་ཕྱུག་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ལ་ཡུལ་སྐོར་བ་རྣམས་ཀྱིས“གནས་འདི་ནི་ང་ཚོའི་སེམས་ཁོང་གི་ལྟ་ན་སྡུག་ཤོས་ཡིན”ཞེས་དགའ་འབོད་བྱེད་ཀྱི་འདུག