ཉིང་ཁྲི་ནི་བོད་ཀྱི་ས་བབ་དམའ་ཤོས་ཀྱི་ས་ཆ་ཞིག་ཡིན་ཞིང་། དེ་གར་ས་བབ་མཐོ་ཚད་སྨི་3100ཙམ་ལས་མེད་པས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་པའི་མཚན་སྙན་ཡོད། ལྷག་དོན་དུ་དེ་གར་གོ་ལ་ཧྲིལ་པོར་ཉར་ཚགས་ཡག་ཤོས་དང་རྒྱལ་ཡོངས་སུ་ཆེ་ཤོས་ཡིན་པའི་གདོད་མའི་ནགས་ཚལ་དང་། འཛམ་གླིང་ཐོག་གི་གྲོག་རོང་ཆེ་ཤོས་ཡར་ཀླུང་གཙང་པོའི་རོང་ཆེན། ཀྲུང་གོའི་རི་བོ་མཛེས་ཤོས་གནམ་ལྕགས་འབར་བ། འཁྱགས་རོམ་མཛེས་ཤོས་གནས་སྟོད་འཁྱགས་རོམ་སོགས་འཛམ་གླིང་རིམ་པའི་རང་བྱུང་མཛེས་ལྗོངས་མང་པོ་ཡོད་པས། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་རེད།
འོན་ཀྱང་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ཐག་རིང་ལུང་ཁུག་གི་མང་ཚོགས་ཚོའི་ལྟ་བ་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་དབང་གིས་མང་ཚོགས་མང་པོ་ཞིག་གི་འཚོ་བ་སྔར་བཞིན་སྐྱོ་པོ་ཡོད། དེར་བརྟེན་ཉེ་ཆར་བོད་ཀྱིས་ལྷ་ཉིང་གཞུང་ལམ་གྱི་རིམ་པ་མཐོ་རུ་གཏོང་བ་དང་། ཉིང་ཁྲི་གནམ་ཐང་རྒྱས་སྐྲུན་བསྐྱར་སྐྲུན་བྱེད་པ། ཡུན་ནན་ཀུང་ཧྲན་ནས་བོད་ལྗོངས་རྫ་ཡུལ་བར་གྱི་གཞུང་ལམ་བཅོས་སྒྲིག་བྱེད་པ། མེ་ཏོག་རྫོང་བར་ཤར་གཏོང་ཐུབ་པའི་གཞུང་ལམ་འཛུགས་སྐྲུན། གྲོང་གསེབ་གཞུང་ལམ་ཤར་གཏོང་གི་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་བྱས་ནས། འདས་ཟིན་པའི་ལོ་ལྔའི་ནང་ཉིང་ཁྲིར་གཞུང་ལམ་སྤྱི་ལེ་1373.78གསར་སྐྲུན་བྱས་པ་དང་ཕྱི་ཕྱོགས་སུ་སྐྱོད་པའི་མཁའ་ལམ་ཁག་6མང་དུ་བཏང་བས། ཉིང་ཁྲི་འདི་ཉིད་ལྷ་ས་ཕུད་པའི་ཡུལ་སྐོར་བ་བོད་ནས་འགྲོ་འོང་བྱེད་པའི་འགྲོ་ལམ་གལ་ཆེ་ཤོས་དང་སྟབས་བདེ་ཤོས་དེར་གྱུར་ཡོད།
ཞིང་ཆེན་ལམ་306འགྲམ་དུ་ཆགས་པ་དང་རྫོང་གྲོང་ནས་ལམ་ཐག་སྤྱི་ལེ་35ཡོད་པའི་སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོ་དེ་བོད་དབུས་ཀྱི་ཡུལ་སྐོར་ལམ་ཐིག་ཐོག་ངེས་པར་དུ་བརྒྱུད་དགོས་པའི་ཡུལ་ཞིག་རེད། “ངེད་ཚོའི་གྲོང་ཚོ་ཞིང་ཆེན་ལམ་འགྲམ་དུ་ཆགས་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་ཏུ་སྐྱོད་སྐབས་ངེས་པར་དུ་ངེད་ཚོའི་གྲོང་ཚོ་བརྒྱུད་དགོས་ཀྱང་ལོ་ཤས་གོང་ཡུལ་སྐོར་བ་དེ་ཙམ་མང་པོ་མེད། ལོ་གསུམ་གོང་ང་ཚོའི་གྲོང་མིས་ས་ཞིང་རྨོ་བ་དང་སྐབས་འཕྲལ་གླ་པ་བྱས་ནས་ནང་མི་ལྔ་པོའི་ཡོང་འབབ་ཕན་ཚུན་བསྡོམས་ནའང་སྒོར་ཁྲི་1ཀྱང་ཟིན་གྱི་མེད། ཕ་ཡུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་ཀྱང་སྐབས་དེ་དུས་ཐོན་ཁུངས་བེད་སྤྱོད་གཏོང་མཁན་བྱུང་མེད། 2015ལོའི་ལོ་མཇུག་ཏུ་ང་ཚོས་གཞི་ནས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་ན་ནིང་ཡོང་འབབ་སྒོར་15000ལྷག་ཙམ་བྱུང”ཞེས་ལོ་37ལ་སླེབས་པའི་དཀྲོགས་གྲོང་ཚོའི་གྲོང་མི་བསོད་ནམས་སྒྲོལ་མས་བཤད་བྱུང་།
ཉིང་ཁྲི་ནི་རང་རྒྱལ་གྱི་ནགས་ཁུལ་ཆེ་གྲས་གཉིས་པ་དེ་ཡིན་ཞིང་། དེ་སྔ་ཤིང་ཚོང་རྒྱག་པ་ནི་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་གྱི་གྲས་ཤིག་ཡིན་པ་མ་ཟད། དེ་གར་བེ་ཤ་དང་། སྡོང་ཕུང་། སྟར་ཁ། མོག་རོ་སོགས་ཡུལ་ཟོག་མང་པོ་ཡོད་ཀྱང་ཉོ་མཁན་མང་པོ་མེད། ཤིང་གཅོད་རྒྱུ་གཏན་འགོག་བྱས་ཀྱང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་རྗེས་གྲོང་གསེབ་ཀྱི་ཐོན་ལས་སྟོང་ཆ་གསབ་ཐུབ་པ་བྱུང་ནས་མང་ཚོགས་ཀྱི་འབབ་འཕར་གྱི་དཀའ་གནད་བསལ་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་སུ་འཕེལ་རྒྱས་སོང་ཡོད།
ཆབ་ནག་ཤང་བྷ་ག་གྲོང་ཚོའི་དམག་ཞབས་ཐིམས་པའི་དམག་མི་འགྱུར་མེད་ཀྱིས་བགྲང་བྱ་བཅུ་གྲངས་རིང་ཤིང་ཚོང་བརྒྱབ་མྱོང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་རྗེས་ཁོང་དང་ཁོང་གི་རོགས་པས་མ་རྩ་སྒོར་ཁྲི་150བཏང་ནས་ཕྱིར་ཚོང་མཉམ་ལས་ཁང་བཙུགས་ཏེ་བེ་ཤ་དང་། སྟར་ཁ། དབྱར་རྩྭ་དགུན་འབུ་སོགས་ཡུལ་ཟོག་ཉོ་སྒྲུབ་ཕྱིར་ཚོང་བྱས་ནས་ལོར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད། ན་ནིང་ཁོང་གིས་ད་དུང་མ་རྩ་སྒོར་ཁྲི་600ལྷག་ཙམ་བཏང་ནས་ཁྱད་ལྡན་གྲོང་མིའི་སྡོད་ཁང་གི་ཡུལ་སྐོར་འགྲུལ་ཁང་གཉེར་སྐྱོང་བྱེད་བཞིན་ཡོད།
ཡིད་དུ་འོང་བའི་རི་ཀླུང་གིས་ཐག་རིང་ལུང་ཁུག་གི་མང་ཚོགས་དབུལ་པོའི་གནས་ལས་སྒྲོལ་ཐུབ་པ་བྱུང་ཡོད། ཚོང་བརྒྱབ་ནས་ལོ་བཅུ་གྲངས་སོང་བའི་བདེ་སྐྱིད་དབང་མོ་ན་ནིང་ཕ་ཡུལ་སྨན་གླིང་རྫོང་འཐིམས་པ་གྲོང་ཚོར་ལོག་ནས་ཞིང་ར་ཞིག་བཙུགས་པ་རེད། ཞིང་རར་ཁྱོན་མ་དངུལ་སྒོར་ཁྲི་800བཏང་བ་དང་དེའི་ནང་འཐིམས་པ་གྲོང་ཚོའི་དུད་ཚང་35ཡི་གྲོང་མི་མ་རྐང་གི་65%བཟུང་ཡོད། ཚོད་ལྟའི་གཉེར་སྐྱོང་བྱས་ནས་ཟླ་གཉིས་ལས་མ་སོང་བར་ཁེ་བཟང་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད།
“ཀུང་སི+ཞིང་དུད”ཀྱི་རྣམ་པ་དེས་དེ་སྔ་སྣང་མེད་དུ་བཞག་པའི་མཛེས་ལྗོངས་ཁུལ་དུ་གྲོང་མིའི་སྡོད་ཁང་རྩེ་གྲ་བསྐྲུན་པ་མ་ཟད། ད་དུང་གྲོང་མི་ཚོ་ཨར་སྐྲུན་དང་། སྣེ་ཤན། ཡུལ་ཟོག་ཕྱིར་ཚོང་། བཟང་བཏུང་སྣེ་ལེན་སོགས་ཀྱི་ཡུལ་སྐོར་ཞབས་ཞུའི་ལས་དོན་ནང་ཞུགས་རྒྱུའི་ཁྲིད་སྟོན་ཡང་བྱས་ཡོད། འཐིམས་པ་གྲོང་མིའི་ཚོགས་ཆུང་གི་ཙུའུ་ཀྲང་ཆའོ་ནོར་བུས“གྲོང་མི་12ཞིང་རར་ལས་ཀ་བྱེད་ཀྱི་ཡོད། དེའི་ནང་མི་6ནི་དུད་ཚང་དབུལ་པོ་ནས་རེད། ཁོང་ཚོར་ཟླ་རེར་གླ་ཆ་སྒོར་3000ཡོད། སླད་ཕྱིན་ཞིང་རས་ཞིང་པའི་ས་ནས་བེ་ཤ་དང་། བོད་ཕག ཤིང་ཕོར་སོགས་ཀྱི་ཡུལ་ཟོག་ཉོས་ཏེ་ཞིང་རར་འཚོང་རྒྱུ་ཡིན་པས་ཡོང་འབབ་མི་ཡོང་བ་ག་ལ་སྲིད”ཅེས་བཤད་བྱུང་།
ཡུལ་སྐོར་དབུལ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དེས་ཉིང་ཁྲིའི་གྲོང་གསེབ་ཡུལ་སྐོར་ཡང་མཛེས་ལྗོངས་ལ་ལྟ་བ་ཁོ་ན་ནས་མྱོང་རོལ་ཡུལ་སྐོར་དུ་འགྱུར་ལྡོག་བྱུང་ཡོད། “མིག་སྔར་ཉིང་ཁྲིས‘གྲོང་ཚོ་རེ་ལ་སྤུས་རྟགས་རེ་དང་། ཁྱད་ཆོས་རེ། རྩ་འཛུགས་རེའི’འཛུགས་སྐྲུན་ཚད་གཞི་ལྟར་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་18ཀྱི་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག་རིག་ནུས་ཡུལ་སྐོར་གཏོད་པ་དང་། གྲོང་གསེབ་ཡུལ་སྐོར་ཆ་འཕྲིན་ཅན་གྱི་རྣམ་གྲངས་ཁག་20འཛུགས་སྐྲུན་བྱས་ཏེ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཁག་གི་ཐོན་ཁུངས་གང་ལེགས་སྤྱད་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་བསམ་གྲུབ་ཀྱིས་བཤད་བྱུང་།
ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཀྱི་འདེགས་སྐྱོར་འོག་སྣོད་བཅུད་ཡུལ་སྐོར་དང་། སྤྲོ་གསེང་ཡུལ་སྐོར། གྲོང་གསེབ་མྱོང་རོལ་ཡུལ་སྐོར་སོགས་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། ད་དུང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་མགྱོགས་མྱུར་དར་རྒྱས་སོང་ནས་ཞིང་འབྲོག་པས་མགྲོན་ཁང་དང་། བོད་ཟས་ཟ་ཁང་། འགྲུལ་སྐྱེལ་སོགས་ལས་རིགས་ལ་བརྟེན་ནས་ཕྱུག་པོ་ཆགས་ཡོད། ན་ནིང་གི་ཟླ་བ་དང་པོ་ནས་བཞི་པ་བར་ཉིང་ཁྲིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་213.8ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་15.2བྱུང་བ་དེ་2012ལོའི་དུས་མཚུངས་དང་བསྡུར་ན་93.1%དང་110.4%སོ་སོར་འཕར་ཡོད། གྲོང་ཁྱེར་ཡོངས་ནས་ཡུལ་སྐོར་ཞབས་ཞུའི་ནང་ཞིང་འབྲོག་པ་དུད་ཚང་1358ཀྱི་མི་8207ཞུགས་པ་དང་ཡོང་འབབ་སྒོར་ཁྲི་6122བྱུང་ཡོད།