དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གྲོང་གསེབ་ཡུལ་སྐོར་དམངས་ཕྱུག་གི་ཐབས་ལམ་གསར་པར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-26

    གཞིས་རྩེ་ནི་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་འགྲམ་དུ་ཆགས་པ་དང་བོད་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡིན་ཞིང་། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ནའང་། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་འཐབ་ས་གཙོ་བོ་ཡིན་པ་དང་གྲོང་ཁྱེར་ཡོངས་སུ་མི་འབོར་དབུལ་པོའི་དུད་ཚང་ཁྲི་3.85དང་མི་16.96ཡོད།

    ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བླང་བྱ་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་དང་ཐོག་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་ཡོངས་བཤེར་བྱས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་ཀྱི་སྤྱི་འབོར་དང་། སྤུས་ཚད། བཀོད་པ། ནུས་པ། གྲུབ་ཆ་སོགས་ལ་མཐིལ་རྟོགས། ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་བྱས་པ་བརྒྱུད། “ཐུན་མོང་མིན་པ་དང་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་གྱི”ཁྱད་ལྡན་གྱི་གྲོང་གསེབ་ཡུལ་སྐོར་བཏོད་དེ་ཡུལ་སྐོར་བ་འགུག་ཐབས་བྱས་ནས་ཡོང་འབབ་མང་དུ་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་རིན་ཏུང་ཅེས“མིག་སྔར་ང་ཚོས་འཆད་འགོད་ཞིབ་ཚགས་བྱས་པའི་ཇོ་མོ་གླང་མའི་འགྲུལ་བཞུད་དང་། རོང་དམར་གྱི་འགྲུལ་བཞུད། ཡར་ཀླུང་གཙང་པོའི་ཆུ་འགོའི་འགྲུལ་བཞུད་བཅས་ཡུལ་སྐོར་ལམ་ཐིག་རྩེ་གྲ་3བཏོད་པ་དེ་དག་གཞིས་རྩེའི་ས་ཆ་མང་ཆེ་བར་ཁྱབ་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་གོ་སྐབས་རག་སྟེ་མི་སེར་ལ་འབབ་འཕར་ཕྱུག་འགྱུར་གྱི་གོ་སྐབས་བཟང་པོ་མཁོ་འདོན་ཐུབ་ཡོད”ཅེས་གསར་འགོད་པར་བཤད།

    གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གོ་སྐབས་སུ་བཟུང་སྟེ་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོ་དང་གཙོ་གནད་མཛེས་ལྗོངས་ཁུལ་ལ་དམིགས་ཏེ་གྲོ་མོའི་བྱ་རི་དང་། དིང་རིའི་པ་གསུམ། རིན་སྤུངས་ཀྱི་དཀར་པོ་ལྕོག་ཀ སྐྱིད་རོང་གི་སྐྱིད་ཕུག རྒྱལ་རྩེའི་རྩེ་ཞྭ། འབྲོང་པའི་བར་ཡངས། ངམ་རིང་གི་བཟང་བཟང་། བསམ་གྲུབ་རྩེའི་ནུབ་གླིང་། ས་སྐྱའི་དགེ་སྡིངས། ལྷ་རྩེའི་བྱང་ཀོང་བཅས་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཚིགས་10ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།

    རྒྱ་ཆེའི་ཡུལ་སྐོར་བའི་དགོས་མཁོ་སྐོང་ཆེད་དིང་རི་རྫོང་གི་པ་གསུམ་གྲོང་ཚོ་དང་སྐྱིད་རོང་རྫོང་གི་སྐྱིད་ཕུག་གྲོང་ཚོའི་ད་ཡོད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་ཐབ་ཚང་དང་། གསང་སྤྱོད། ས་འོག་ཆུ་འགྲོ་སོགས་སྒྱུར་བཀོད་རིམ་སྤོར་བྱས་ནས་ཡུལ་སྐོར་བར་སྐར་མ་རིམ་པའི་ཡུལ་སྐོར་ཉམས་ལེན་ཧུར་ཐག་ཐུབ་པ་བྱས་ཡོད།

    དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་སྐར་མ་རིམ་པའི་མགྲོན་ཁང་དཔྱད་འདེམས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་ལ་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་88ཡོད་པ་ལས། གསེར་གྱི་སྐར་མ་རིམ་པའི་མགྲོན་ཁང་26དང་། དངུལ་གྱི་སྐར་མ་རིམ་པའི་མགྲོན་ཁང་33 ཟངས་ཀྱི་སྐར་མ་རིམ་པའི་མགྲོན་ཁང་29བཅས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་དང་ཟུང་འབྲེལ་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང་ཡུལ་སྐོར་དབུལ་སྐྱོར་གྱི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། སློབ་ཆེན་སློབ་མས་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལ་ལྕག་སྐུལ། གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོ་དང་། དཔེ་སྟོན་དུད་ཚང་། ཞིང་པའི་སྤྲོ་སྐྱིད་ཁང་རྩེ་གྲ། གྲོང་གསེབ་ཀྱི་ཡུལ་སྐོར་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཁག་གཅིག་ཁྲིད་སྟོན་དང་འོས་སྦྱོར། གསོ་སྦྱོང་སྒྲིག་གཞི་སྣ་ཚོགས་ཀྱིས་གྲོང་ཚོ་དབུལ་པོར་བཟའ་བཏུང་དང་། གསོལ་མགྲོན་ཁང་། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་བཅས་ལ་རྒྱབ་སྐྱོར་གྱིས་ས་ཆ་དེ་རང་དུ་འཕྲལ་མཁོའི་ཞབས་ཞུའི་ཤེས་ལྡན་པ་གསོ་སྦྱོང་བཅས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་གཞིས་རྩེ་གྲོང་ཁྱེར་དུ་དུད་ཚང་9313གྱི་ཞིང་འབྲོག་པས་ཡུལ་སྐོར་ཚོང་གཉེར་ལ་ཞུགས་པར་ཡོང་འབབ་སྒོར་དུང་ཕྱུར་1.9ལྷག་ཙམ་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།