ཤ་རྩི་ནག་པ་དང་། ཤ་རིད་ཅིང་གཟུགས་ཆེ་བ། ལྷས་མ་དམིགས་བསལ་བསླས་པའི་ཕོ་གཞོན་ནི་ཚེས་14ཉིན་གསར་འགོད་པར་ཇོ་མོ་གླང་མའི་བྱང་འདབས་ཀྱི་སྒར་ས་ཆེ་མོར་འཕྲད་པའི་བོད་རིགས་རི་འཛེག་སྣེ་ཤན་པ་ནོར་བུ་རེད། ཁོང་དང་འཕྲད་སྐབས་གསར་འགོད་པ་ཧང་སངས་དགོས་པ་ཞིག་ལ། ཇོ་མོ་གླང་མའི་རི་རྩེར་འབྱོར་གྲབས་ཡོད་ནའང་ཇོ་རིའི་རི་རྩེར་ཐེངས་དྲུག་འཛེག་མྱོང་བའི་ཉམས་མྱོང་གིས་ཕྱུག་པའི་སྣེ་ཤན་པ་མང་པོ་ལྡན་པ་ཁོང་སྔ་སྣུར་དུ་རི་ལས་བབས་ཏེ་གོ་སྐབས་དེ་འདྲ་བློས་གཏོང་བྱེད་དགོས་དོན་གང་ཡིན་ནམ།
ནོར་བུ་ནི་བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཀུང་སི་ནས་ཡིན་ཞིང་། འདི་ལོ་ཇོ་རིའི་ཚོང་ལས་རི་འཛེག་ཚོགས་པའི་སྣེ་ཤན་པ་གཙོ་བོའི་གྲས་ཤིག་རེད། ཁོང་གིས་གསར་འགོད་པར་ད་ཐེངས་རི་ལས་བབས་དོན་ནི་གཟུགས་པོ་བདེ་པོ་མ་བྱུང་བར་བྱ་ཐབས་ཟད་པ་རང་ཡིན་ཞེས་བཤད།
“ཡིན་ནའང་བློ་ཕམ་མི་འདུག ཨུ་ཚུགས་བྱས་ཏེ་བསྐྱོད་ན་ལོ་ན་དང་ཟུངས་ཤུགས་གཉིས་ཀས་འཇོན་པ་མི་འདུག”ཅེས་ལོ་38ལ་སླེབས་པའི་ནོར་བུས་བཤད་ཅིང་། ཚོགས་པ་སྒར་ས་ཆེ་མོར་བཅའ་སྡོད་མ་བྱས་གོང་ནས་ཁོང་གི་ཕོ་རྒྱུའི་ན་ཚ་ལངས་ཡོད། རུ་སྣེ་འཁྲིད་ནས་ས་བབ་མཐོ་ཚད་སྨི་7500ཡི་སར་འཛེགས་པ་མ་ཟད། རི་རྩེར་འཛེག་པའི་དུས་མཚམས་འགོ་ཚུགས་རྗེས་རུ་མི་རྣམས་ས་བབ་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་སར་བསྐྱལ་ཡོད། ནོར་བུས་རི་རྩེ་མ་སླེབས་བར་རྒྱུན་འཁྱོངས་བྱས་རྗེས་གཞི་ནས་རི་ལས་བབས་པ་ནི་ནད་གཞི་ཡོད་ཀྱང་ལས་འགན་བསྒྲུབས་པ་ཞིག་ཡིན་ལ། རང་ཉིད་ཀྱིས་འཁྲིད་པའི་ཚོགས་པར་འགན་འཁུར་བའི་རྣམ་འགྱུར་ཞིག་དེ་བས་རེད།
ཇོ་རིའི་ཚོང་ལས་རི་འཛེག་བྱེད་སྒོའི་ནང་རི་འཛེག་སྣེ་ཤན་པར“ཧི་མ་ལ་ཡའི་གནམ་སྐས”ཞེས་འབོད་ཅིང་། ཁོང་ཚོ་མི་རེས་རི་འཛེག་པ་རེ་ཆ་སྒྲིག་སྟེ་རིར་འཛེགས་པ་དང་། རི་འཛེག་མཁན་གྱི་བདེ་འཇགས་ནི་ཁོང་ཚོའི་ཟུངས་ཤུགས་དང་བརྡར་ཤ་གཅོད་ནུས་ལ་རག་ལས་ཡོད། སྣེ་ཤན་པ་ཁག་གཅིག་གིས་ད་དུང་རི་རྩེར་མ་འཛེག་གོང་དངོས་ཟོག་དབོར་འདྲེན་དང་སྒར་ས་རྒྱག་པའི་ལས་འགན་འཁུར་བ་མ་ཟད། ས་བབ་ཧ་ཅང་མཐོ་བའི་ཁུལ་དུ་ཡར་འཛེགས་མར་འབབ་བྱེད་ཀྱི་ཡོད། ལས་འགན་ལྕི་པོ་དེ་འདྲ་འཕྲད་སྐབས་ལུས་ལ་ནད་གཞི་ཕོག་པའི་ནོར་བུས་རང་འགུལ་ངང་དགོངས་པ་ཞུ་བ་དེའང་ཡ་མཚན་སྐྱེ་དགོས་པ་ཞིག་མ་རེད།
རི་རྩེར་འཛེག་པའི་དགའ་སྣང་ཆེན་པོ་དང་། དུས་ཡུན་རིང་པོའི་གྲ་སྒྲིག ལ་བརྒལ་ཀླུང་བརྒལ་གྱི་དཀའ་ཚེགས་བཅས་ལས་རི་འཛེག་མཁན་དང་ལྷག་དོན་དུ་ཉམས་མྱོང་དཀོན་པའི་ཚོང་ལས་རི་འཛེག་མཁན་ཚོས་ཉེ་བར་བཅར་བའི་ལ་རྩེ་མཐོང་སྐབས་མིག་མདུན་གྱི་ཉེན་ཁར་སྣང་ཆུང་ཤོར་སླ། ནོར་བུས་སྣེ་ཤན་པའི་འགན་འཁྲི་གཅིག་ནི་དུས་དང་རྣམ་པ་ཀུན་ཏུ་རི་འཛེག་མཁན་ལ་དོ་སྣང་བྱས་ཏེ་ཁོང་ཚོའི་ལུས་སེམས་གཉིས་ཀས་སྡུག་རུས་མ་འཁྱོག་པའམ་ཡང་ན་ཕྱི་རོལ་གྱི་ཁོར་ཡུག་ཧ་ཅང་ཞན་པའི་སྐབས་སུ་ལ་རྩེ་དང་བར་ཐག་སྨི་1ལས་མེད་ནའང་ཐབས་ཤེས་གང་ཡོད་ཀྱིས་རི་ལས་བབས་སུ་འཇུག་རྒྱུ་དེ་རེད་ཅེས་བཤད།
རི་ལས་བབས་ཟིན་ནའང་ནོར་བུས་རི་སྟེང་གི་གནས་ཚུལ་ལ་སེམས་ཁྲལ་བྱེད་ཀྱི་མེད། གང་ལགས་ཤེ་ན་ཚོགས་པས་སྣེ་ཤན་པ་འདང་ངེས་འཁྲིད་ཡོད་པས་རེད། རི་རྩེར་འབྱོར་གྲབས་ཡོད་པའི་མཚམས་སུ་ནོར་བུས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“ཁོང་ཚོ་རི་རྩེར་འཛེག་རྒྱུ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད།