དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “ལྗོན་ཤིང”བཏབ་རྗེས་བོད་ལྗོངས་སྔར་བས་མཛེས་པར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-15

    མི་རིང་བའི་གོང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་ཡུལ་མི་ལྷ་མོ་གཡུ་སྒྲོན་གྱིས་རྫོང་ནགས་ལས་ཅུས་ཀྱི་ལས་དོན་པའི་ས་ནས་རིན་མེད་ངང་སྤྲད་པའི་ཤིང་སོན་བླངས་ཤིང་། ན་ནིང་ཁོང་གི་ཁྱིམ་ཚང་སྡོད་ཁང་གསར་པའི་ནང་སྤོས་མ་ཐག་རྫོང་གིས“ལྗོན་ཤིང་མེད་པའི་དུད་ཚང”དུ་བརྩིས་སྟབས་ཁོང་གིས་ཤིང་སོན་བླངས་ནས་རང་ཁྱིམ་གྱི་སྒོ་རྩར་བཏབ་པ་རེད།

    “དེ་རིང་རང་ཁྱིམ་ལ་ཐན་པ་འགོག་པའི་ཡོ་འབོག་དང་། ཁམ་སྡོང་། ཀུ་ཤུའི་སྡོང་པོ་སོགས་ཀྱི་དཔལ་འབྱོར་ཤིང་སོན་རྐང་20ལྷག་བྱུང་བ་དག་ཆེན་པོ་ཆགས་ནས་ལ་ལར་འབྲས་བུ་སྔ་ཙམ་གདགས་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ལྷ་མོ་གཡུ་སྒྲོན་གྱིས་དེ་ལྟར་བཤད། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་ནི་འབོད་ཚིག་གམ་ཡང་ན་ཡིག་ཆ་ཙམ་ལ་ལུས་པ་ཞིག་མིན། ཤིང་འདེབས་རྒྱུར་འཚམས་ནའང་། ཕལ་མོ་ཆེ་གྲམ་ཐང་དང་བྱེ་སར་གནས་པའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གིས་བྱེ་ས་གཡུ་གཞོང་དུ་ཇི་ལྟར་འགྱུར་རྒྱུའི་ཐད་ཞིབ་འཇུག་ཟབ་མོ་བྱས་པའི་ཁར་རང་བྱུང་ཁམས་ལ་བསྟུན་པ་དང་། ཚན་རིག་ལ་མཐོང་ཆེན་བྱས་ནས་ཚན་རྩལ་གྱིས་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། “མི་དམངས་རྩ་བར་འཛིན་ནས་དམངས་ལ་ཕན་པ་འདོགས་པ”དང་། ས་བབ་དང་བསྟུན་ནས་ལྗོན་ཤིང་འདེབས་པ་དང་ཚན་རིག་དང་མཐུན་པའི་ངང་ནགས་ཤིང་འདེབས་པ། འགན་འཁྲི་དོན་འཁྱོལ་དང་ལྟ་སྡོམ་གནད་སྨིན་ཡོང་བ། སྐྱོན་སྤང་དགེ་སྤེལ་དང་ཕན་ཚུན་སློབ་སྦྱོང་བྱེད་པ་སོགས་དང་དེ་བཞིན་ཕན་ནུས་ཏན་ཏིག་ཐོན་པའི་དམིགས་སའི་བྱ་ཐབས་མི་ཉུང་བ་སྤྱད་པར་བརྟེན“ནགས་ལས་དང་མང་ཚོགས་ཟུང་དུ་འབྲེལ་བའི”ནགས་བཟོ་སྔོ་འགྱུར་བྱེད་སྟངས་ཤིག་སྤྱིར་ན་ཆགས་ཡོད། 

    ན་ནིང་རང་ལྗོངས་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭ་དང་། ལྷ་ས་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭ བོད་ཀྱི་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་སྐྲུན་པའི་ལས་གྲྭ་སོགས་ནགས་ལས་ཀྱི་གཙོ་གནད་སྲིད་ཇུས་དང་ལས་གྲྭའི་རྨང་གཞིའི་ཐོག《ཤིང་འཛུགས་ནགས་བཟོ་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》བཏོན་ཏེ། 2017ལོ་ནས་2019ལོ་བར་རང་ལྗོངས་ཀྱིས་ལོ་ལྟར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་100ཡན་བྱས་ནས་ས་བབ་མཐོ་ཚད་སྨི་4300མན་གྱི་ཤིང་འཛུགས་ལ་འཚམ་པའི་ས་ཆར“ནགས་ཚལ་མེད་པའི་ཤང་དང་གྲོང་རྡལ་དང་། ནགས་ཚལ་མེད་པའི་གྲོང་ཚོའི་ཚོགས་ཆུང་། ལྗོན་ཤིང་མེད་པའི་སྒོ་ར། ནགས་ཚལ་མེད་པའི་ཞིང་དུད་བཅས་ལ་ལྗོན་ཤིང་འདེབས་པ་དང་ལྗོན་ཤིང་མེད་པའི་སྟོང་ཆ་མ་ལུས་པའི”ལས་འགན་ལྔ་སྒྲུབ་དགོས་པའི་གཏན་འབེབས་བྱས་ཡོད། 

    ལྷ་མོ་གཡུ་སྒྲོན་སྡོད་སའི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ཡིན་པ་དང་། རྫོང་ཡོངས་ལ་ལྗོན་ཤིང་མེད་པའི་གྲོང་ཚོ་མེད་ནའང་ལྗོན་ཤིང་བཏབ་མེད་པའི་དུད་ཚང་160ལྷག་ཡོད། རྫོང་ནགས་ལས་ཅུས་ཀྱིས་འདི་ལོར་མ་དངུལ་སྒོར་ཁྲི་28ལྷག་བཀོད་སྒྲིག་བྱས་ནས་མི་རེར་ཆ་སྙོམས་ལྗོན་ཤིང་5རེ་འདེབས་དགོས་པའི་ཚད་གཞི་ལྟར“ལྗོན་ཤིང་མེད་པའི་དུད་ཚང”ལ་སྣོད་བཅུད་ཤིང་སོན་དང་དཔལ་འབྱོར་ཤིང་སོན་སོགས་ཚུད་པ་རིན་པ་མི་དགོས་པར་སྤྲད་པས་འདི་ལོར་རྫོང་ཡོངས་ཀྱི་ལྗོན་ཤིང་མ་བཏབ་པའི་དུད་ཚང་ལ་ལྗོན་ཤིང་འདེབས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    འདི་ལོའི་དཔྱིད་དུས་ཤིང་འཛུགས་ནགས་བཟོ་བྱེད་སྐབས། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཤར་ཞོལ་གྲོང་ཚོའི་ཡུལ་མི་དང་གྲོང་སྡོད་ལས་བྱེད་པས་བྱེ་སར་རྒྱ་ཤུག་ཧུར་ཐག་བཏབ་ཡོད། ཉེ་བའི་ལོ་ཤས་རིང་། ཤར་ཞོལ་གྲོང་ཚོའི་ཉེ་འཁོར་ལ་བྱེ་ཐང་དུ་འགྱུར་བའི་སྣང་ཚུལ་ཐོན་པ་དང་ཡར་ཀླུང་གཙང་པོའི་བྱང་རྒྱུད་ལ་སྣོད་བཅུད་དཔེ་སྟོན་གྲོང་ཚོ་་འཛུགས་སྐྲུན་ལམ་ལྷོངས་བྱུང་བ་དེས་ཉེ་འཁོར་གྱི་ཤར་ཞོལ་གྲོང་ཚོའི་མང་ཚོགས་ཀྱིས་སྔོ་ལྗང་ལ་རེ་སྨོན་བྱེད་ཤུགས་ཆེ་རུ་སོང་ནས་ཤིང་འཛུགས་ནགས་བཟོ་བྱེད་པའི་ངར་ཤུགས་འཕེལ་ཞིང་། རྣམ་གླིང་རྫོང་གིས་འདི་ལོར་མ་དངུལ་སྒོར་ཁྲི་197བཏང་ནས་སྡོང་ཕྲུག་78835ཉོས་ཏེ“ལྗོན་ཤིང་མེད་པའི་གྲོང་ཚོར”འདེབས་སུ་འཇུག་རྒྱུ་རེད། 

    “ཤིང་འཛུགས་ནགས་བཟོས་རླུང་འགོག་བྱེ་བཅོས་ཀྱི་ནུས་པ་ཐོན་ནས་ཕ་ཚ་བུ་རྒྱུད་ལ་ཕན་པ་བསྐྲུན་རྒྱུ་མ་ཟད། ཡུལ་སྐོར་གྱི་ཡོང་འབབ་ཀྱང་མང་དུ་འགྲོ་རྒྱུ་ཡིན་པས། སྣོད་བཅུད་བཟང་བའི་གྲོང་ཚོར་འགྱུར་རྒྱུ་ང་ཚོར་ཡིད་ཆེས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་ཤར་ཞོལ་གྲོང་ཚོའི་ཡུལ་མི་དཀོན་མཆོག་ཚེ་རིང་གིས་བཤད།

    ན་ནིང་རང་ལྗོངས་ཀྱིས་ས་བབ་མཐོ་ཚད་སྨི་4300མན་གྱི་ཤིང་འདེབས་རྒྱུར་འཚམ་པའི་ས་ཆར་ལྗོན་ཤིང་མེད་པའི་གྲོང་ཚོ་དང་དུད་ཚང་ལ་ལྗོན་ཤིང་འདེབས་སུ་འཇུག་རྒྱུའི་བྱ་སྤྱོད་ཐོག་མ་སྤེལ་ནས་མ་དངུལ་སྒོར་ཁྲི་6000ལྷག་བཏང་སྟེ་ཤིང་སོན་སྣ་ཚོགས་ཁྲི་84ཉོས་ནས་ལྗོན་ཤིང་མེད་པའི་གྲོང་ཚོ་113དང་ལྗོན་ཤིང་མེད་པའི་དུད་ཚང་ཁྲི་2.1ལྷག་ལ་ལྗོན་ཤིང་འདེབས་སུ་བཅུག་ཡོད། བསྡོམས་རྩིས་ལ་གཞིགས་ན། ད་ཆ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5469ལས་བབ་མཐོ་ཚད་སྨི་4300མན་གྱི་ལྗོན་ཤིང་མེད་པའི་གྲོང་ཚོ་1079ཡོད་པ་དེས་བསྡོམས་འབོར་གྱི་19.0%བཟུང་བ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་77.3ལྷག་ཙམ་ལས་ས་བབ་མཐོ་ཚད་སྨི་4300མན་གྱི་ལྗོན་ཤིང་མེད་པའི་དུད་ཚང་ཁྲི་10.4%ལྷག་ཟིན་པ་དེས་བསྡོམས་འབོར་གྱི་13.5%བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།