དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་དུ་དུས་ཚིགས་དང་པོར་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་ཐེངས་དང་ཡོང་འབབ་བསྡོམས་འབོར་གཉིས་ཀའི་འཕར་ཚད་བརྒྱ་ཆ་བཞི་བཅུ་ལས་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-05-08

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། “དགུན་དུས་བོད་ལ་ཡུལ་སྐོར་བྱེད། གོ་ལའི་མཐའ་སྣེ་གསུམ་པ་མཉམ་དུ་སྤྱོད”ཅེས་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། བོད་ཀྱི་ཡུལ་སྐོར་དཔལ་འབྱོར་ལ“འགོ་བཟང་པོ”ཞིག་བཙུགས་ཐུབ་པ་བྱུང་ཡོད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ངོ་སྤྲོད་པར་བྱས་པར་གཞིགས་ན། ཟླ་དང་པོ་ནས་གསུམ་པའི་བར། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་106.4ལ་སྣེ་ལེན་ཞུས་ནས་དུས་མཚུངས་ལས་49.5%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་12.6ཟིན་པ་དེ་དུས་མཚུངས་ལས་47%མང་དུ་སོང་ཡོད།

    བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐད་ཡུལ་སྐོར་བ་མང་ཤོས་དང་ཉུང་ཤོས་ཀྱི་དུས་ཚིགས་ཁྱད་པར་ཆེ་བའི་དབང་གིས་དབྱར་ཁར་སྤ་སེ་ཉོ་དཀའ་བ་དང་དགུན་ཁར་ཡུལ་སྐོར་བ་ཉུང་བའི་གནས་ཚུལ་མངོན་གསལ་དོད་པོ་ཡོད། འདི་ལོའི་ཟླ་1ཚེས་31ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད། གོ་ལའི་མཐའ་སྣེ་གསུམ་པ་མཉམ་དུ་སྤྱོད”ཅེས་པའི་ཁྲོམ་རའི་སྐུལ་སྤེལ་བྱེད་སྒོ་སྤེལ་ཏེ། Aརིམ་པའི་མཛེས་ལྗོངས་ཁུལ་115དང་དེ་བཞིན་སྐར་མ་རིམ་པའི་མགྲོན་ཁང་དང་། ཡུལ་སྐོར་རླངས་འཁོར། མཁའ་གྲུལ་སོགས་ཕྱོགས་མང་པོ་ནས་གཟིགས་སྐྱོང་བྱེད་ཐབས་ཡོངས་བསྒྲགས་བྱས་པས། དགུན་དུས་བོད་ལ་ཡུལ་སྐོར་དུ་འགྲོ་བའི་ཚ་རླབས་ཤིག་ངང་གིས་འཕྱུར་ནས་པོ་ཏ་ལར་ཟླ་གསུམ་པ་ནས“སྤ་སེ་ཉོ་དཀའ་བའི”སྣང་ཚུལ་ཐོན་པ་དང་། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་ལ་2107ལོར་A5རིམ་པའི་མཛེས་ལྗོངས་ཁུལ་གྱི་ཆོག་མཆན་ཐོབ་རྗེས། “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”ཤུགས་རྐྱེན་བཟང་པོར་བརྟེན་ནས་དུས་ཚིགས་དང་པོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་ལྡབ་6ཙམ་འཕར་ཡོད།

    ཟླ་4ཚེས་6ཉིན། བོད་ཀྱི་མཁའ་འགྲུལ་གྱིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”གཙང་གླས་གནམ་གྲུ་ཁྲེང་ཏུའི་ ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་ཉིང་ཁྲིའི་སྨན་གླིང་གནམ་ཐང་དུ་བདེ་འཇགས་ངང་འཕུར་སྐྱོད་ཐུབ་པ་དང་། ཟླ་4ཚེས་7ཉིན། “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ལ་ལྟ་བའི་ཆེད་གཏོང་ཡུལ་སྐོར་མེ་འཁོར་ཐོག་མར་ལྷ་སར་འབྱོར་པ་སོགས་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་སོགས་བོད་སྐྱོད་འགྲིམ་འགྲུལ་ཡོ་ཆས་སྟབས་བདེར་སོང་ཡོད་ལ། བོད་ནང་ཁུལ་གྱི་ཕྱོགས་ཀུན་བགྲོད་ཐུབ་པའི་འགྲིམ་འགྲུལ་དྲ་བས་ཡུལ་སྐོར་ཉིད“མགྱོགས་མྱུར་སླེབས་ནས་ཡུལ་སྐོར་བྱེད་པའི”སྲོལ་ལམ་ཐོག་བསྐྱོད་རྒྱུར་སྐུལ་མ་ཐེབས་ཡོད།

    “མགྱོགས་པོ་འགྲོ་རྒྱུ་ནི་ཐབས་ལམ་ཞིག་རེད་ལ་དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་ལམ་དུ་འགྲོ་བའི་དུས་ཚོད་ཐུང་དུ་བཏང་ནས་མཛེས་ལྗོངས་ཁུལ་ལ་ལྷོད་ལྷོད་ངང་སྐོར་བ་རྒྱག་ཐུབ་པའི་ཆེད་དུ་རེད། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་མ་བཏང་ནས‘དལ་པོའི་ངང་ཡུལ་སྐོར་ལྷོད་ལྷོད་བྱེད་པའི’མཐུན་རྐྱེན་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ལྷོ་ཁ་བཅས་གྲོང་ཁྱེར་བཞིར་འཛོམས་ཡོད། འདི་ལོ་གྲོང་ཁྱེར་བཞིའི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་བོད་ཀྱི་ཡུལ་སྐོར་རྣམ་གྲངས་ལ་མྱོང་རོལ་གྱི་རིན་ཐང་སྔར་བས་ལྡན་པ་བྱ་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་དེ་ལྟར་བཤད།

    “དགུན་དུས་བོད་ལ་ཡུལ་སྐོར་བྱེད། གོ་ལའི་མཐའ་སྣེ་གསུམ་པ་མཉམ་དུ་སྤྱོད”ཅེས་པའི་བྱེད་སྒོ་སྤེལ་བར་གྲུབ་འབྲས་ཐོབ་པའི་རྨང་གཞིའི་ཁར། ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་བར་བརྒལ་ཡོང་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་དུ་ཡུལ་སྐོར་གྱི་གཞུང་ཁོངས་མཛེས་ལྗོངས་ཁུལ་གཙོ་བོའི་སྒོ་འཛིན་དང་། ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་བཅས་ཀྱི་ཐད་གཟིགས་སྐྱོང་གི་བྱ་ཐབས་ལག་ལེན་བསྟར་རྒྱུ་དེ། ཟླ་4ཚེས་30ཉིན་བར་དེ་སྔ་གཏན་འཁེལ་བྱས་པའི་རྨང་གཞིའི་ཐོག་ཟླ་6ཚེས་30ཉིན་བར་དུས་ཚོད་འོས་འཚམས་ངང་ནར་འགྱངས་བྱ་རྒྱུའི་ཞིབ་འཇུག་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།