དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མཛེས་སྡུག་ཡིད་དུ་འོང་བའི་བོད་ལྗོངས་མཚོ་སྣ་རྫོང་ལེགས་པོ་ལུང་ཤུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-04-27

    གསར་འགོད་པ་སྤྱི་ལེ་མང་པོ་བསྐྱོད་རྗེས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཡིན་པའི་བོད་ལྗོངས་མཚོ་སྣ་རྫོང་དུ་འབྱོར། མཚོ་སྣ་རྫོང་ནི་མོན་པ་རིགས་ཀྱི་ཁོངས་སུ་གཏོགས་པའི་སྲོལ་རྒྱུན་གྱི་མི་འབོར་འདུས་སྡོད་ཁུལ་ཡིན་ལ། ཚངས་དབྱངས་རྒྱ་མཚོའི་ཕ་ཡུལ་ཡང་ཡིན་པ་རེད།

    མདོག་གསུམ་ལྡན་གྱི་ན་ར་གཡུ་མཚོ།

    ང་ཚོའི་རླངས་འཁོར་ཡར་ལྷ་ཤམ་པོ་བརྒྱུད་གཞུང་ལམ་ཐོག་སྐྱོད་སྐབས། ས་བབ་མཐོ་ཚད་སྨི་སུམ་སྟོང་ལྷག་ཙམ་ནས་ལྔ་སྟོང་ལྷག་ཙམ་བར་མཐོ་རུ་ཕྱིན་སོང་། རྒྱང་རིང་དུ་གནས་པའི་མཐོ་ཚད་སྨི་དྲུག་སྟོང་བདུན་སྟོང་ཡོད་པའི་རི་སྟེང་གངས་མ་བཞུར་བར་སྐྱ་ཐིང་ངེར་གནས་འདུག ལམ་རྒྱུད་ཀྱི་ཡུལ་ལྗོངས་སྔོ་ཞིང་དྭངས་བའི་ནམ་མཁའ་དང་གངས་ལྟར་དཀར་བའི་སྤྲིན་པ་ཕུད་སྐྱ་ཐིང་ཐིང་གི་བྲག་རི་དང་། འུར་སྒྲ་དང་འགྲོགས་ནས་འཚུབ་པའི་བྱེ་རྡུལ། སྔོན་པོ་ཆགས་མེད་པའི་རྩྭ་ཐང་བཅས་ཡིན་པ་དང་ཉེ་འགྲམ་དུ་ཤིང་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་ནི་རྒྱུན་དུ་མཐོང་མང་བའི་ས་མཐོའི་ཡུལ་ལྗོངས་རེད།

    རྒྱང་རིང་འགྲུལ་བཞུད་ལས་ངལ་དུབ་ཀྱིས་མནར་བའི་སྐབས་མཚོ་སྣ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཨ་སྤེན་གྱིས་ཐག་རིང་སའི་གངས་རི་ཞིག་ལ་མཛུབ་མོ་བཙུགས་ནས“ན་ར་གཡུ་མཚོར་སླེབས་སོང”ཞེས་བཤད་བྱུང་། ཁོང་གིས་མཛུབ་མོ་འཛུགས་སར་ལྟ་སྐབས་མཚོ་ཆེན་པོ་ཞིག་མིག་མདུན་དུ་འཆར་བྱུང། མཚོ་ངོས་སུ་འཁྱགས་པ་བཞུར་མེད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་58ཁོ་ན་ལས་མེད་པའི་ན་ར་གཡུ་མཚོ་ནི་མཚོ་ཧ་ཅང་མང་པོ་ཡོད་པའི་མཚོ་བོད་ས་མཐོའི་ཐོག་བརྗོད་རིན་མེད་པ་ལྟར་དུ་སྣང་། འོན་ཀྱང་གནས་མཚོ་གཞན་དང་བསྡུར་ཚེ་ན་ར་གཡུ་མཚོར་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད།

    འཁྲུག་ཆ་དོད་པའི་མོན་པའི་གྲོང་གསར།

    ཟླ་བཞི་པའི་ཟླ་མཇུག་ཏུ་བོད་དུ་གངས་མ་ཆར་འབབ་པའི་དུས་ཡིན་པས་གངས་ལྷག་གི་གྲང་ངད་མེད་པར་དཔྱིད་ཆར་གྱིས་ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་ས་མཐོ་འདི་ཉིད་བརླན་འགོ་ཚུགས། མེས་རྒྱལ་གྱི་ལྷོ་ནུབ་རྒྱུད་དུ་གནས་པའི་ལེགས་པོ་ལུང་ཤུར་དུ་སྔ་ས་ནས་དཔྱིད་ཀྱི་རྣམ་པས་ཁེངས་ཏེ་སྔོ་ལྗང་མཛེས་ལྗོངས་ཀྱིས་རྒྱན་པའི་རི་མོ་ཞིག་དང་མཚུངས།

    ལེགས་པོ་ལུང་ཤུར་གྱི་ལྟེ་བ་མག་མག་ཤང་དུ་སླེབས་སྐབས་ས་རུབ་ལ་ཉེ། དེ་གར་སློབ་དཔོན་པདྨ་འབྱུང་གནས་སྒྲུབ་པ་སྐྱོན་པར་ཕེབས་པའི་ལམ་དུ་དེ་གའི་རང་བྱུང་ཡུལ་ལྗོངས་མཛེས་པོ་ཡོད་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་གཟིགས་སྐབས་ཡུལ་དེ་མི་འབོར་མང་པོ་འདུས་སྡོད་བྱེད་པའི་ཁུལ་ཞིག་ཏུ་འགྱུར་རྒྱུའི་མ་འོངས་ལུང་བསྟན་གནང་བའི་ཤོད་རྒྱུན་ཡོད་པ་དང་རྗེས་སུ་དངོས་འབྲེལ་མོན་པ་མི་རིགས་འདུས་སྡོད་ཁུལ་དུ་གྱུར་ཡོད་པ་རེད།

    མོན་པའི་གྲོང་གསར་དུ་སླེབས་ལ་ཉེ་བའི་སྐབས་སྒོ་ར་ཞིག་ཤིང་གིས་སྐོར་ཡོད་པ་དང་སྒོ་རའི་དཀྱིལ་དུ་རྡོ་ཆེན་པོ་ཞིག་ཁག་གཉིས་ལ་དབྱེ་བའི་ཐོག་ཁང་པ་ཆུང་ཆུང་ཞིག་བརྒྱབ་ཡོད་པ་དེ་ཚངས་དབྱངས་རྒྱ་མཚོའི་སྒྲུབ་ཁང་ཡིན་པ་རེད། ཤིང་སྒོ་ཁྲ་ཁྲ་དེ་འབུད་རྒྱག་རྒྱག་སྐབས་ཉི་འོད་ཁང་པའི་ནང་འཕྲོས་ཏེ་གྱང་ཐོག་གི་ཚོས་གཞི་ལོག་པའི་ལྡེབས་རིས་དེ་མིག་ལམ་དུ་འཆར། རྒྱ་ཤིན་ཏུ་ཆུང་བའི་ཁང་པ་དེའི་ནང་སྒྲོག་ཙེ་ཆུང་ཆུང་ཞིག་བཞག་ཡོད་པ་དེའི་ཐོག་དཀར་གཙང་མཇལ་དར་སྒྲོན་ཡོད་པ་དང་སྤོས་ཀྱི་དྲི་ཞིམ་འཐུལ་བཞིན་འདུག ཁ་ཁུ་སིམ་ཞིང་བབ་ཆགས་པའི་འཚོ་བ་དེས་ཚངས་དབྱངས་རྒྱ་མཚོས་མགུར་གླུ་འབྲི་སྐབས་ཁོང་གི་མགུར་གླུར་རང་བྱུང་གི་ཁེ་གྲགས་གང་ཡང་མི་གཉེར་བའི་རྣམ་པར་བྱིན་རླབས་གནང་ཡོད་ངེས་རེད།

    འཆམ་མཐུན་མཉམ་གནས་ཀྱི་སྲིན་མོ་བྲག

    ལེགས་པོ་ལུང་ཤུར་གྱི་ཤུར་ཁ་ལྷོ་ཕྱོགས་སུ་གནས་པ་དང་ཧིན་རྡུ་རྒྱ་མཚོ་ཆེན་པོ་ལུང་ཤུར་བརྒྱུད་བྱང་ཕྱོགས་སུ་རྒྱུག་ནས་དེ་གར་འབེལ་བའི་ཆར་ཆུ་དང་སྟུག་པའི་ནགས་ཚལ་བྱུང་བ་དང་ས་བབ་དམའ་པོ་ཡོད་པ་དེས་ཀྱང་དེ་གའི་མཁའ་རླུང་ཡང་ཐང་གཤོངས་ལས་གཙང་བ་ཡོད་པ་རེད།

    ནགས་ཚལ་གཏུག་པོའི་ཁྲོད་ནི་སྲིན་མོ་བྲག་ཡིན་པ་རེད། རླངས་འཁོར་ནས་མ་བབ་གོང་སྤྲེའུའི་ཁྱུ་ཚོགས་ཀྱིས་བསྐོར་བ་དང་། འགའ་ཤས་ཐད་ཀར་རླངས་འཁོར་ནང་འཛུལ་ནས་བཟའ་བཅའ་འཚོལ་གྱི་འདུག སྤྲེའུ་དེ་དག་གིས་རྒྱང་རིང་ནས་ཡོང་བའི་མགྲོན་པོ་ལ་སྐྲག་སྣང་སྤུ་ཙམ་ཡང་མེད་པར་དེ་ལས་ལྡོག་སྟེ་ང་ཚོ་སྐྱི་གཡའ་བར་བྱས། སྤྲེའུའི་ཁྱུ་ཚོགས་ཀྱི་ངལ་གསོ་ཡུལ་ནི་རི་འཛེག་འགྲོ་ལམ་གྱི་འཛུལ་སྒོ་དེར་ཡིན་པ་དང་ས་གནས་དེ་གའི་མང་ཚོགས་མི་ཉུང་བ་ཞིག་ཀྱང་ང་ཚོ་དང་མཉམ་དུ་རི་འཛེགས་པ་དང་ལམ་བར་དུ་ཀུ་རེ་རྩེ་བཞིན་དགོད་སྒྲས་ཁེངས་པའི་ཁྲོད་རི་རྩེ་ཡང་མཐོང་ཐུབ་ཀྱི་འདུག

    དེའི་སྐབས་མཉམ་དུ་རི་འཛེག་མཁན་ཚང་མ་རི་རྩེའི་རྦབ་ཆུའི་ཕྱོགས་སུ་སྐྱོད་བཞིན་འདུག རི་མཐོ་ལ་རྦབ་ཆུ་གཟར་བ་ལས་ཆུ་རྡོའི་སྟེང་དུ་བབ་པའི་སྒྲ་ལྷག་པར་གྲགས་ཤིང་ཉི་འོད་འོག་རྦབ་ཆུའི་གནས་སུ་འཇའ་མཚོན་ཡང་ཟུག་འདུག ས་གནས་དེ་གའི་མང་ཚོགས་རྒན་གཞོན་ཕོ་མོ་ཚང་མ་རྦབ་ཆུའི་འོག་ནས་འགྲོ་བ་དང་མགོ་དང་གྱོན་གོས་རློན་པ་ཆགས་ཀྱང་སྣང་བ་གང་ཡང་མི་འདུག སྐད་ཆ་ཞིབ་ཕྲ་བྲིས་པ་བརྒྱུད་ས་གནས་དེ་གའི་མིས་སྲིན་མོ་བྲག་རྦབ་ཆུ་ལ་རྐྱེན་ངན་དང་ནད་སེལ་བའི་ནུས་པ་ཡོད་པས་ནང་མི་འཁྲིད་ནས་དེ་གར་ཡོང་གི་ཡོད་པ་ཤེས་བྱུང་།

    མཚོ་སྣ་ཐག་རིང་པོ་ཡིན་རུང་དེ་ལས་རི་ཆུ་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མངོན། ལོ་བརྒྱ་ཕྲག་གི་གོང་ཚངས་དབྱང་རྒྱ་མཚོས་ས་གཞི་དེའི་སྟེང་མི་སེམས་འགུལ་བའི་མགུར་གླུ་མང་པོ་བརྩམས་ཡོད། དུས་རབས་གསར་པའི་མཚོ་སྣའི་དེ་བས་མཛེས་སྡུག་ལྡན་པའི་རྣམ་པས་མི་མང་པོ་ཞིག་གི་ཡིད་དབང་འཕྲོག་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།