དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • མོན་པ་རིགས་ཀྱི་གྲོང་མིར་ཡུལ་སྐོར་གྱི་ཡོང་འབབ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-04-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་4པའི་ཟླ་སྨད་དུ་བོད་ཀྱི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་ལུང་ཤུར་གྱི་རི་ཀླུང་ཀུན་ཏུ་སྟག་མའི་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་དང་། ལེགས་པོ་ལུང་ཤུར་གྱི་དབུས་སུ་གནས་པའི་མོན་པ་རིགས་འདུས་སྡོད་ཁུལ་མག་མག་གྲོང་གསར་གྱི་ཁང་པ་ཐོག་བརྩེགས་ཅན་དག་སྔོ་ལྗང་རི་གསེབ་ཏུ་མཛེས་རྒྱན་སྤྲས་པ་ལྟར་གྲལ་སྟར་འགྲིག་པོའི་ངང་གནས།

    “སྔོན་མ་ང་ཚོ་རྡོ་ཤིང་ལས་གྲུབ་པའི་ཁང་པའི་ནང་དུ་སྡོད་པ་དང་། གྲོང་ཚོའི་ནང་རྨོ་ཞིང་ཉུང་བའི་རྐྱེན་གྱིས་གྲོང་མི་ཚོས་སྨྱུག་མ་བསླ་བ་དང་ཤིང་བཅད་ནས་འཚོ་ཐབས་བྱེད་པས་འཚོ་བ་སྐྱོ་པོ་རེད”ཅེས་གྲོང་མི་བདེ་སྐྱིད་སྒྲོལ་མས་དེ་ལྟར་བཤད་པ་དང་ཁོང་གི་ངོས་ནས་བརྗོད་ན་ལོ་དེ་དག་རིང་གྲོང་ཚོར་བྱུང་བའི་འགྱུར་ལྡོག་ནི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུ་རེད་ཅེས་བརྗོད་ཆོག ཁོང་གི་ཞིང་པའི་སྤྲོ་སྐྱིད་ཁང་གིས་ཉེ་ཟླ་ཕྱེད་ལྷག་ཙམ་རིང་ཡུལ་སྐོར་བ་ཁག་ཐེངས་4ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་2000ལྷག་ཙམ་བྱུང་ཡོད།

    སྒོ་རྩར་ཚོང་གཉེར་བྱས་ནས་ཕྱུག་པོར་གྱུར་བ་ནི་ཡུལ་དེར་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པ་ལས་བྱུང་བ་ཞིག་རེད། 2014ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་འདི་གའི་གྲོང་མི་དུད་ཚང་60ལྷག་ཙམ་ལ་མོན་པའི་ཁྱད་ཆོས་ལྡན་པའི་ཐོག་སོ་ཉིས་ལྡན་ནམ་གསུམ་ལྡན་གྱི་ཁང་པ་བརྒྱབ་པ་དང་། དུད་ཚང་རེའི་གྲོང་མིས་སྒོར་ཁྲི་བརྒྱད་དམ་ཡང་ན་ཁྲི་བཅུ་གཉིས་རང་གྲབས་བྱས་ཚེ་དེ་བྱིངས་རྣམས་སྲིད་གཞུང་གིས་ཁ་གསབ་སྤྲོད་ཀྱི་ཡོད། ཁང་པ་བརྒྱབ་རྗེས་གྲོང་ཚོའི་བྱེད་སྒོའི་ལྟེ་གནས་དང་། ཐང་ཆེན། ཨར་འདམ་ལམ། ལམ་སྒྲོན་སོགས་ཆ་ཚང་ཡོད་པ་བྱས་པས། མི་རིགས་དང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་རིམ་བཞིན་མངོན་ཡོད།

    མཚོ་སྣ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ངག་སྤེན་གྱིས་མག་མག་གྲོང་གསར་ལེགས་པོ་ལུང་ཤུར་མཛེས་ལྗོངས་ཁུལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་2400རུ་གནས་པ་དང་གདོད་མའི་ནགས་ཚལ་མུའུ་ཁྲི་36དང་གདོད་མའི་སྐྱེ་དངོས་སྣ་ཁ་140ལྷག་ཙམ་ཟིན་ནས་ཡུལ་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། དཔེ་སྟོན་འབྱོར་འབྲིང་གྲོང་ཚོ་བསྐྲུན་ནས་ཡུན་རིང་མ་སོང་བར་རྫོང་གྲོང་དུ་བསྐྱོད་པའི་ཨར་འདམ་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པས་ཡུལ་སྐོར་བ་སྔར་ལས་མང་བ་ཡོད།

    ལོ་67ལ་སླེབས་པའི་གྲོང་མི་པད་མ་དབྱངས་ཅན་གྱིས་ལོ་འགའ་ཤས་གོང་རང་ཉིད་སྨྱུག་བསླས་ཁང་གི་ལས་མི་ཡིན་པ་དང་གཙོ་བོ་སྨྱུག་མ་བསླ་བ་དང་ཤིང་རྒྱུ་བཙོངས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། སྨྱུག་མའི་ནགས་ཚལ་རྒྱ་ཁྱོན་ཆུང་དུ་ཕྱིན་པ་དང་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་སྦྲགས་བྱེད་སྟངས་དེ་རིགས་ཀྱིས་འཚོ་བ་འཁྱོལ་ཐབས་བྲལ། ད་ཆ་རང་ཉིད་ཀྱིས་གྲོང་ཚོའི་ཐང་ཆེན་དུ་བོད་ཟས་ཁང་ཞིག་བཙུགས་ཡོད། ཡུལ་སྐོར་བ་མང་བའི་སྐབས་སུ་ཟླ་བ་གཅིག་ལ་ཡོང་འབབ་ན་ནིང་ལས་མང་བས་འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་འགྲོ་གི་འདུག་ཅེས་བཤད།

    ན་ནིང་མག་མག་གྲོང་གསར་གྱིས་མི་ཐེངས་ཁྲི་5ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ནས་གྲོང་མི་མང་ཆེ་བས་ཟ་ཁང་ངམ་ཡང་ན་ཞིང་དུད་སྤྲོ་སྐྱིད་ཁང་བཙུགས་ཡོད། ད་ཆ་ཡུལ་སྐོར་ལས་རིགས་དར་ནས་གནའ་བོའི་མོན་པ་རིགས་ཀྱི་གྲོང་གསེབ་ལ་སྐྱེ་སྟོབས་ཀྱི་དཔལ་གསར་པ་ཞིག་འབར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།