ཚེས་24ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། རིག་གནས་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། གླིང་ཁུལ་གྱི་སྣེ་ཁྲིད་ནུས་པ་དེ་བས་ཡག་པོ་འདོན་པ་བཅས་བྱས་ནས་གླིང་ཁུལ་འདི་ཉིད་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
གངས་རིས་བསྐོར་བ་དང་སྔོ་ལྗང་ལྗོན་ཤིང་གིས་བརྒྱན། ཚེ་མཆོག་གླིང་གྲོང་ཚོར་གནས་པའི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དེ་ཕོ་བྲང་པོ་ཏ་ལ་དང་སྐྱིད་ཆུས་ཆོད་པའི་ངོགས་གཅིག་ཏུ་གནས་པ་དང་ཕན་ཚུན་གཅིག་ལ་གཅིག་རྒྱན་གྱིས་རི་སྐེད་དུ་གནས་པས་ལྷ་སའི་མཛེས་ལྗོངས་དག་མིག་མདུན་དུ་མངོན་གྱི་ཡོད། ཆེ་དགྲ་ལྷ་དང་བཅས་པས་མངོན་མིན་རྟེན་རྫས་བཤམས་མཛོད་ཁང་དང《གྱིམ་ཤིང་ཀོང་ཇོའི》ཁང་ནང་ལོ་རྒྱུས་གར་སྟེགས་ཟློས་གར། བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་བསམ་བཀོད་གླིང་། ཞོ་སྟོན་གནའ་གྲོང་རྣམ་གྲངས་ས་ཚིགས་བཅས་ལ་སྔ་རྗེས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་གླིང་ཁུལ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཆེ་དགྲ་ལྷས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་གླིང་ཁུལ་གྱིས་ཁྲོམ་ར་ཅན་མཐའ་འཁྱོངས་བྱས་པ་དང་། རྨང་གཞིའི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཐད་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཉམས་ཞན་ནས་སྟོབས་ཆེ་བར་གྱི་འཕོ་འགྱུར་བརྒྱུད་པ་དང་དུས་མཚུངས་གླིང་ཁུལ་རྣམ་གྲངས་འཛུགས་སྐྲུན་ནང་མང་ཚོགས་ཞུགས་ནས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། སྤྱིའི་ཆ་ནས་བལྟས་ཚེ་གླིང་ཁུལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བ་དང་། བཀྲག་མདངས་འཚེར་ས་མངོན་གསལ་དོད་པ། བྱེད་སྟངས་ལེགས་གྲུབ་ལྡན་པ་བཅས་ཡོད་པ་དང་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད། ཆབ་སྲིད་བཅས་ཀྱི་ཕན་འབྲས་ནུས་ལྡན་བཏོན་པས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་ཐེབས་ཡོད་ཅེས་གསུངས་པ་རེད།
ཆེ་དགྲ་ལྷས་ཁ་ཕྱོགས་བརྟན་པོ་བཟུང་ནས་རིག་གནས་ཀྱི་རང་རྟོགས་ཤུགས་ཆེར་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་ཧྭ་རིག་གནས་སྣ་མང་གཞི་གཅིག་གི་ཐུན་མིན་ཡིད་དབང་འཕྲོག་ཤུགས་དང་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མངོན་གསལ་དོད་པོས་མངོན་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུལ་བྱུང་རིག་གནས་སྔར་བས་དར་སྤེལ་བཏང་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་དགོས། ངེས་གནས་བརྟན་སྲུང་བྱས་ནས“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ”དང“འཛམ་གླིང་གི་ཡུལ་སྐོར་དམིགས་ས”ལ་དམིགས་ཏེ་རྒྱལ་སྤྱི་ཅན་གྱི་མིག་རྒྱང་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི“འཕར་སྣེ”དང་“སྐྱོང་ས”ཞིག་ཏུ་གཏོད་དགོས། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ནས་བོད་ལྗོངས་འགྲེམས་ཚོགས་སོགས་ཀྱི་གོ་སྐབས་ལ་བརྟེན་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིག་གནས་བསམ་བཀོད་ཐོན་ལས་ཀྱི་འབྲེལ་ཐག་སྣུར་བསྲིང་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་འགུལ་ནུས་གཅིག་ཏུ་བསྡུ་བ། ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་ཚོང་འགུགས་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་ཁུར་ཕོད་པའི་ཐད་ཤུགས་བརྒྱབ་ནས་འཆར་གཞིའི་ཚོད་འཛིན་རང་བཞིན་ཆེ་རུ་དང་གླིང་ཁུལ་ནང་ཞུགས་མཁན་གྱི་ལས་རིགས་རྣམ་གྲངས་ཚོད་འཛིན་ནན་པོ་བྱས་ཏེ་གླིང་ཁུལ་འཛུགས་སྐྲུན་སྟོབས་དང་ལྡན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་པ། ཞན་ཆ་གསབ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཆེ་དགྲ་ལྷ་ད་དུང་ཚེ་མཆོག་གླིང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་ཕེབས་ནས་གནས་སྤོས་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་དབུལ་སྐྱོར་དང་། རིག་སྐྱོར། བློ་སྐྱོར་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གནས་སྤོས་མང་ཚོགས་ལ་ལས་ཞུགས་ཁྲིད་སྟོན་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་དང་། རྩལ་ནུས་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན། མི་རིགས་ཁག་གི་མང་ཚོགས་རིག་གནས་ཡུལ་སྐོར་ཐོན་ལས་ནང་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བ་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ལེགས་པར་སྐོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད། ཁོང་གིས་ད་དུང་གནས་སྤོས་མང་ཚོགས་ཀྱིས་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པར་ཏང་གི་བཀའ་དྲིན་སྔར་བས་ཚོར་བ་དང་། ཏང་གི་བཀའ་ལ་དེ་བས་ཉན་པ། ཏང་གི་རྗེས་སུ་སྔར་བས་འབྲངས་བ་བཅས་བྱས་ཏེ་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ད་ལྟའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ལྕག་སྐུལ་ཡང་ཡང་གནང་བ་རེད།