འདི་ནི་བྲག་གསུམ་མཚོའི་འགྲམ་དུ་གནས་པའི་བྱེ་པ་གྲོང་ཚོ་ཡིན་པ།
“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་པའི་ཉིང་ཁྲིར་ནགས་ཚལ་ཁེབས་ཚད་47.6%ཟིན་གྱི་ཡོད། སྔོན་མ་དེ་གའི་མི་ཚོས་མི་རབས་ནས་མི་རབས་བར་ཤིང་བཙོངས་ནས་ཁྱིམ་གྱི་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། “སྔོན་མ་རྫོང་ནོར་སྲིད་ཀྱི་ཡོང་སྒོ་གཙོ་བོའང་ཤིང་བཅད་པ་ལས་བྱུང་བ་དང་། 1976ལོར་རང་ཉིད་ནགས་སྲུང་བ་བྱས་ཀྱང་དེ་དུས་ཤིང་གཅོད་པའི་ཁག་བགོས་ལས་འགན་སྒྲུབ་རོགས་བྱེད་པ་དེ་ཡིན”ཞེས་བྱེ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དཔལ་ལྡན་གྱིས་བཤད།
བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཉིང་ཁྲིའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། སྲིད་གཞུང་སྡེ་ཚན་གྱིས་2005ལོར་ཤིང་གཅོད་མི་ཆོག་པའི་བཀའ་བཏང་བ་དང་ཆབས་ཅིག སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པའི་འབོད་སྐུལ་ཡང་བྱས།
ལོ་65ལ་སླེབས་པའི་བསོད་ནམས་དཔལ་ལྡན་ནི་དེའི་སྐབས་ཀྱི་དཔང་མི་ཞིག་ཡིན། “སྐབས་དེར་ཉིན་མོར་ཤིང་གཅོད་མི་ཆོག་པའི་ཚོགས་འདུ་འཚོགས་ནའང་། མཚན་མོར་ལྐོག་ཏུ་ཤིང་གཅོད་པར་འགྲོ་མཁན་ཡོད། གང་ལགས་ཤེ་ན། དེ་དུས་ཡུལ་མི་ཚོས་ཤིང་མ་བཅད་ཚེ་ཡོང་སྒོ་ཉུང་དུ་འགྲོ་བའི་སེམས་ཁྲལ་བྱེད་པས་རེད”ཅེས་བསོད་ནམས་དཔལ་ལྡན་གྱིས་བཤད།
སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་སྤྲོད་པ་དང་། ནགས་སྲུང་བའི་ཐོབ་ཆ་མཐོ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་བཏོན་པའི་ཁར། ཞིང་པའི་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་གི་དཔེ་སྟོན་ནུས་པ་ཆེ་རུ་སོང་བ་དང་བསྟུན་ནས་ཡུལ་མི་ཚོས“ཤིང་གཅོད་མི་ཆོག་པའི་བཀའ་རྒྱ”རིམ་གྱིས་དང་ལེན་བྱས།
མཚོ་མགོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་གྱིས། ལོ་བཅུ་གྲངས་ནང་། སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་2000ལྷག་བཏང་ནས་ཞིང་འབྲོག་པའི་སྡོད་ཁང་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱས་པ་མ་ཟད། ཞིང་པའི་སྤྲོ་སྐྱིད་ཁང་གི་བཟའ་བཏུང་དང་། ཞབས་ཞུ། འཕྲོད་བསྟེན་སོགས་གཉེར་ཐབས་ཀྱི་གསོ་སྦྱོང་ཡང་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་རྨང་གཞི་འཐུས་སྒོ་ཚང་དུ་བཏང་ཞིང་། བྱ་ཐབས་དེ་དག་ལས་ཡུལ་མི་རྣམས་ཀྱིས་ཡུལ་སྐོར་གཉེར་རྒྱུར“གདེང་ཚོད”བྱུང་ཡོད་ཅེས་བཤད།
སྔོན་མ་ཤིང་བཅད་ནས་འཚོ་བ་སྐྱེལ་བའི་གྲོང་ཚོ་དེ་ད་ཆ་སྣོད་བཅུད་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོར་གྱུར་ཞིང་། བྱེ་པ་གྲོང་ཚོར་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་མཁན་40ལྷག་ཡོད་པ་དེ་དག་རེ་རེར་ལོར་ཡུལ་སྐོར་ཡོང་འབབ་མི་ཉུང་བ་ཡོང་གི་ཡོད། ཡུལ་སྐོར་བ་མང་དུ་སོང་བ་དང་ཆབས་ཅིག བོད་ཕག་བྲིན་ཁ་རྒྱུག་ནས་མཁོ་སྤྲོད་འདང་གི་མེད་པས། གྲོང་ཚོས་བབ་བསྟུན་ངང་བོད་ཕག་གསོ་ཚགས་རྟེན་གཞི་བསྐྲུན་ཏེ་ལོ་ལྟར་ཡུལ་མིར་ཡོང་འབབ་བགོ་བཤའ་རྒྱག་གི་ཡོད་པ་རེད།
སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་སོང་ནས་བྱེ་པ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། བསོད་ནམས་དཔལ་ལྡན་གྱིས་ཆུང་དུས་སུ་གྲོང་ཚོར་གཞུང་ལམ་མེད་པས་དབྱར་ཁའི་ཆར་ཞོད་སྐབས་གང་སར་འདམ་བག་གིས་ཁེངས་ཡོད། ད་ཆ་གྲོང་ཚོར་སྣུམ་ནག་ལམ་བཏིང་བ་དང་། ཨར་འདམ་ལམ་བཟོས་ནས་དུད་ཚང་རེ་རེའི་སྒོ་རྩར་བསྲིངས་ཡོད། 2005ལོར་སྡོད་ཁང་སྒྱུར་བཀོད་བྱས་རྗེས་གྲོང་ཚོ་ཡོངས་ཀྱི་དུད་ཚང་120ལྷག་གུ་ཡངས་ཤིང་དཀར་ཆ་དོད་པའི་ཁང་གསར་ནང་སྤོས་པ་དང་། གྲོང་ཚོར་གློག་དང་ཆུ་སྔ་ས་ནས་ཁྲིད་པ་མ་ཟད། དྲ་རྒྱའང་ཡོངས་སུ་ཁེབས་ཡོད། ལྷག་པར་དུ་དགའ་འོས་པ་ཞིག་ལ། ཡུལ་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་སོང་ལ་བསམ་པའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད། སྔོན་མ་གྲོང་ཚོའི་སྐྱེས་པ་ཚོས་ཤིང་བཅད་ནས་ལོག་རྗེས་ཆང་རག་ཁོ་ན་བཏུངས་ནས་འཚོ་བར་བསམ་བློ་དེ་ཙམ་གཏོང་གི་མེད་མོད། ད་ཆ་སྐྱེས་པ་རྣམས་ཀྱིས་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་ཡུལ་སྐོར་གཉེར་ནས་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་ཅེས་བཤད།
རེ་བས་ཁེངས་པའི་དཔྱིད་དཔལ་བཞད། བསོད་ནམས་དཔལ་ལྡན་གྱིས་འདི་ལོར་བྱེ་པ་གྲོང་ཚོས་རིག་གནས་ཡུལ་སྐོར་ཡག་པོ་གཉེར་རྒྱུ་ཡིན་པ་སྟེ། དཔེར་ན། གྲོང་ཚོར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“འགྱིང”གི་རྒྱུན་འཛིན་པ་ཞིག་ཡོད་པས། གྲོང་ཚོ་ཡོངས་ཀྱི་མི་སྒྲིག་འཛུགས་བྱས་ནས་ཞབས་བྲོ་སློབ་རྒྱུ་ཡིན་ཞེས་བཤད།