དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་དུ་སྲུང་སྐྱོང་ཐོབ་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་430ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-04-06

     བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། འདམ་རའི་རིགས་ཕུན་སུམ་ཚོགས་པས། འཛམ་གླིང་གི་དམིགས་བསལ་ས་མཐོའི་འདམ་ར་ཁྱབ་ཁུལ་ཞིག་རེད། བོད་ཀྱི་འདམ་རའི་ཐོན་ཁུངས་ལ་བརྟག་ཞིབ་ཐེངས་གཉིས་པ་བྱས་པའི་འབྲས་བུ་ལྟར་ན། བོད་དུ་ད་ལྟ་སྤྱི་ཆིངས་8ཡན་ཟིན་པའི་རིགས་ཁག་གི་འདམ་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་652.90ཟིན་ཡོད། བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་གྱིས་གཙོས་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་སོགས་ཀྱི་ཐབས་ལམ་མང་བའི་འདམ་རའི་སྲུང་སྐྱོང་མ་ལག་ཅིག་རིམ་བཞིན་ཆགས་པ་དང་། ལྗོངས་ཡོངས་སུ་སྲུང་སྐྱོང་ཐོབ་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་430.8ཟིན་པ་དེས་ལྗོངས་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་གྱི་65.98%བཟུང་ཡོད། མིག་སྔར་བོད་དུ་མ་ཕམ་གཡུ་མཚོ་དང་སྨི་ཏི་ཁའི་འདམ་ར་གཉིས་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་དུ་བཅུག་ཡོད།

    བོད་དུ་འདམ་རའི་རིགས་དམིགས་བསལ་ཆེ་ཞིང་སྣ་ཁ་མང་བ་སྟེ། གཙང་པོའི་འདམ་ར་དང་། མཚེའུ་ཡི་འདམ་ར། ན་འདམ། མི་བཟོས་འདམ་ར་སོགས་རིགས་ཆེ་གྲས་4དང་ཁག་17ཙམ་ཡོད། དེ་ནི་རང་རྒྱལ་གྱི་འདམ་རའི་རིགས་ཆ་ཚང་ཤོས་དང་མང་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཀྱི་འདམ་ར་མང་ཆེ་བ་གདོད་མ་དང་རང་བྱུང་གི་རྣམ་པར་གནས་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་ས་མཐོའི་དམིགས་བསལ་གྱི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་ཀྱི་ཞིང་ཁམས་སུ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཀླུ་དང་ར་འོག་མཚོ་སོགས་རིམ་པ་ཁག་གི་འདམ་ར་སྣ་ཚོགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་19ཡོད་པ་ལས་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་9ཡོད་པ་དང་། འདམ་ར་16རྒྱལ་ཡོངས་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་དུ་བཅུག་པ། མདོ་ཆེན་མཚོ་སོགས་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་18(ཚོད་ལྟ)བཙུགས་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་འདམ་ར་སྲུང་སྐྱོང་བྱེད་པའི་ཐད་འཕེལ་རྒྱལ་མྱུར་པོ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་འདམ་རའི་སྲུང་སྐྱོང་མ་ལག་འཛུགས་བཞིན་ཡོད། 2004ལོར་བོད་ཀྱིས《བོད་ཀྱི་འདམ་ར་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་འདམ་རའི་ཐོན་ཁུངས་སྲུང་སྐྱོང་ནི《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྣོད་བཅུད་ཁོར་ཡུག་གནོད་འཚེའི་འགན་འཁྲི་རྩད་གཅོད་ཀྱི་ལག་བསྟར་ཞིབ་སྲོལ》ནང་བཅུག་ཡོད། 2013ལོར་སླར་ཡང《མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་བསམ་འཆར》བཀྲམ་ནས་འདམ་ར་སྲུང་སྐྱོང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པའི་འཐབ་ཇུས་ནང་བཅུག་ཡོད། གཞན་ཡང་འདམ་ར་སྲུང་སྐྱོང་དོ་དམ་གྱི་ཁྲིམས་སྲོལ་དང་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ《བོད་རང་སྐྱོང་ལྗོངས་ཀྱི་འདམ་རའི་སྲུང་སྐྱོང་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་འདམ་རའི་སྲུང་སྐྱོང་དོ་དམ་སྲོལ་ཡིག》《ལྷ་ཀླུ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་བཟོས་ནས་ལག་ལེན་བསྟར་ཏེ་བོད་ཀྱི་འདམ་ར་ཁྲིམས་བཞིན་སྲུང་སྐྱོང་དང་དོ་དམ་བྱེད་པར་རྨང་གཞི་བཏིངས་ཡོད།

    འདམ་ར་གལ་ཆེན་གྱི་སྣོད་བཅུད་ཕན་འབྲས་ཁ་གསབ་སྤྲོད་པའི་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག་ལྗོངས་ཡོངས་ནས་སྤྱི་ཆིངས་ཁྲི་430ཙམ་གྱི་རང་བྱུང་འདམ་ར་གལ་ཆེན་འདམ་རའི་སྣོད་བཅུད་སྲུང་སྐྱོང་ཁྱབ་ཁོངས་སུ་བཅུག་པ་དང་། སྲིད་གཞུང་གིས་སྤྱི་ཚོགས་ནས་ཞབས་ཞུ་ཉོ་སྒྲུབ་བྱེད་ཐབས་བརྟེན་ནས་འདམ་རའི་བདག་སྐྱོང་བ་དང་ལྟ་འདོམས་པ་མང་པོ་བསྡུས་པས། ན་འདམ་དང་། མཚོ། གཙང་པོ་སོགས་ཀྱི་རང་བྱུང་འདམ་རར་བདག་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། མི་འབོར་དབུལ་པོ་ཁག་གཅིག་གནད་སྨིན་དབུལ་སྒྲོལ་ཡང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།